རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྐོར་དྲུག་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་གསར་འགོད་པས་ཤེས་གསལ་ལྟར་ན། ཉེ་ཆར་རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྐོར་དྲུག་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོ་གཏན་འཁེལ་བྱས་པ་མ་ཟད་ཁྱབ་བསྒྲགས་བྱས་པ་དེའི་ནང་བསྡོམས་པས་མི942ཡོད།

གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ནི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དར་སྤེལ་གཏོང་བའི་མཚོན་བྱེད་རང་བཞིན་གྱི་མི་སྣ་ཡིན་ལ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེ་བའི་ཐེག་མཁན་དང་། སྲུང་མཁན། བརྒྱུད་སྤྲོད་མཁན་བཅས་ཡིན། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་བྱེད་མཁན་ངོས་འཛིན་བྱེད་པའི་དམིགས་ཡུལ་ནི་གལ་ཆེའི་ཤེས་བྱ་དང་ལག་རྩལ་གྱི་རྒྱུན་འཛིན་རྐང་འཛིན་པར་སྲུང་སྐྱོང་བྱས་ཏེ། དེས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་མ་གཏོང་བ་དང་། རྒྱུན་འཛིན་བྱེད་སྒོ་ཧུར་ཐག་གིས་སྤེལ་ནས། རྒྱུན་འཛིན་མི་ཚོགས་ཀྱིས་རྒྱུན་འཛིན་ལག་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱས་ཏེ། འབྲེལ་ཡོད་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

ངོ་སྤྲོད་བྱས་པར་གཞིགས་ན། སྐོར་དྲུག་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ངོས་འཛིན་ལས་དོན་ཡག་པོར་བསྒྲུབ་ཆེད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཆེད་དོན་བྱ་བའི་ཇུས་གཞི་བཟོས་པ་དང་། ཞིབ་དཔྱད་ཨུ་ཡོན་ལྷན་ཁང་དང་ཆེད་མཁས་པའི་ཞིབ་དཔྱད་ཚོགས་ཆུང་སོགས་ཆེད་དོན་སྒྲིག་གཞི་བཙུགས་ཏེ། ཆེད་མཁས་པའི་ཚོགས་ཆུང་གི་ཐོག་མའི་དཔྱད་བསྡུར་དང་། ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ། སྤྱི་ཚོགས་སུ་ཡོངས་བསྒྲགས་སོགས་ཀྱི་བྱ་བའི་ལམ་ལུགས་བཙུགས་ནས་ཞིབ་དཔྱད་ལས་དོན་ཡོངས་བསྒྲགས་དང་། དྲང་གཞག འདྲ་མཉམ་བཅས་ཡོང་བར་འགན་ལེན་བྱས་ཡོད། ཞིབ་དཔྱད་ཆེད་མཁས་པའི་ཚོགས་ཆུང་གིས་གྲོས་གཞིའི་མིང་ཐོ་གཏན་འཁེལ་བྱས་རྗེས། ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་གྲོས་གཞིའི་མིང་ཐོ་སྤྱི་ཚོགས་ཡོངས་ལ་དུས་ཡུན་ཉིན20ཡི་ཡོངས་བསྒྲགས་བྱས་པ་དང་འབྲེལ་ཡོངས་བསྒྲགས་ཀྱི་ཚུར་ལན་བསམ་འཆར་ལ་ཞིབ་དཔྱད་ཐག་གཅོད་བྱས་མཐར་སྐོར་དྲུག་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོ་གཏན་འཁེལ་བྱས་པ་རེད། མིག་སྔར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་དཔུང་ཁག་གི་སྤྱིའི་གཞི་ཁྱོན་མི3998ལ་སླེབས་ཡོད། རྒྱུན་འཛིན་པའི་དཔུང་ཁག་གི་གྲུབ་ཆ་སྔར་བས་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་རྒྱུན་འཛིན་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

རྗེས་མར་རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱུན་འཛིན་པར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། བྱ་ཐབས་སྣ་ཚོགས་སྤྱད་དེ། ཁོ་ཚོས་དགེ་ཕྲུག་སློབ་ཁྲིད་དང་། སྒྱུ་རྩལ་བརྒྱུད་སྤེལ། སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བར་སྐུལ་མ་དང་རྒྱབ་སྐྱོར་བྱ་རྒྱུ་རེད། དེ་དང་ཆབས་ཅིག རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ལོ་འཁོར་གྱི་རྒྱུན་འཛིན་བྱེད་སྒོར་དཔྱད་དཔོག་བྱ་རྒྱུར་ཤུགས་སྣོན་པ་དང་འགུལ་རྣམ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། གཟུགས་འདས་ཤུལ་བཞག་རིག་གནས་སྔར་ལས་ལྷག་པར་དངོས་ཡོད་འཚོ་བ་དང་དེ་བས་ལེགས་པོའི་སྒོ་ནས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་ནས། དེང་རབས་སྤྱི་ཚོགས་སུ་གསོན་ཤུགས་གསར་པ་རྒྱས་ཏེ། གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།