འདི་ནི་དབྱང་ཡུས་ཝུན་དང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཉི་མ་གཉིས་མ་ཐེན་ལིང་གི་ཁྱིམ་དུ་ཡོང་ནས་དྲིལ་སྒྲོག་བྱེད་བཞིན་པའི་ཚུལ་རེད།
འདི་ནི་དབྱང་ཡུས་ཝུན་གྱིས་མ་ཐེན་ལིང་ལ་ཐོན་ལས་མཛུབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།
ཟླ་གསུམ་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གནམ་གཤིས་རིམ་བཞིན་ཇེ་དྲོ་རུ་ཕྱིན་པ་དང་བསྟུན། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དེ་དྲོད་སྐྱིད་ལྡན་པའི་དཔྱིད་རླུང་འཇམ་པོ་ཞིག་དང་འདྲ་བར། ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་ཁྲོམ་གཞུང་འབྲོང་སྡེ་གྲོང་ཚོའི་གྲུ་ཟུར་ཚང་མར་ཁྱབ་ཡོད།
ཟླ3པའི་ཚེས12ཉིན་གྱི་ཞོགས་པར། འབྲོང་སྡེ་གྲོང་ཚོའི་ཧྲུའུ་ཅི་དང་པོ་དབྱང་ཡུས་ཝུན་དང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཉི་མ་གཉིས་ཀྱིས་གྲོང་ཚོ་དང་ཁྱིམ་ཚང་དུ་བསྐྱོད་ནས་འབྲོག་པ་མང་ཚོགས་ལ་ཏང་གི་སྲིད་ཇུས་བཟང་པོ་སྐྱེལ་འགོ་བརྩམས།
“ཧྲུའུ་ཅི་དཔལ་ལགས། ད་ལོར་ང་ཚོས་ཁྱིམ་ཚང་རེ་རེའི་གནས་ཚུལ་མི་འདྲ་བར་དམིགས་ནས་དྲིལ་སྒྲོག་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁོང་ཚོའི་ཡོང་འབབ་འཕར་སྣོན་ཡོང་བར་རོགས་རམ་བྱེད་ཐུབ”།
དབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་ཀྱིས་ད་ལོའི་དྲིལ་སྒྲོག་འཆར་གཞིར་གྲོས་མོལ་བྱེད་ཞོར་དུ། “འུ་གཉིས་ཀྱི་བསམ་ཕྱོགས་གཅིག་འདྲ་རེད། ངས་ད་རུང་ཏང་ཡོན་རྙིང་པ་དང་ཧྲེ་ཀྲང་ཚང་མ་སྐུལ་སློང་བྱས་ནས་ཁོ་ཚོས་ཀྱང་ང་ཚོ་དང་མཉམ་དུ་དྲིལ་སྒྲོག་བྱེད་དུ་འཇུག་འདོད་ཡོད། དེ་ལྟར་བྱས་ན་ལས་ཆོད་ཆེ་རུ་འགྲོ་ཐུབ་པ་མ་ཟད། དྲིལ་སྒྲོག་བྱེད་ཐེངས་རེ་རེའི་བརྒྱུད་རིམ་ཁྲོད་དུ། ཁོ་ཚོས་ཀྱང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་ཤེས་རྟོགས་གཏིང་ཟབ་བྱས་ནས། སྲིད་ཇུས་ཀྱི་ཁེ་སྤོགས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་ཐུབ ”ཅེས་བཤད་པ་དང་། མུ་མཐུད་དུ་ཧྲེ་ཀྲང་མ་ཐེན་ལིང་གི་ཁྱིམ་དུ་སོང་།
མ་ཐེན་ལིང་གི་ཁྱིམ་དུ་འཛུལ་སྐབས། སྒེའུ་ཁུང་གི་ཤེལ་ངོས་ཤིན་ཏུ་གཙང་མ་ཡིན་པ་དང་། བརྙན་འཕྲིན་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཚང་མ་འཛོམས་ཡོད་པ་མ་ཟད། ཅོག་ཙེའི་སྟེང་དུ་ཤིང་ཏོག་དང་ཤ་སྐམ། སྐོམ་ཆུ་སྣ་ཚོགས་ཀྱིས་ཁེངས་ཡོད།
“ལའོ་མ་ལགས། ཁྱོད་ཀྱིས་ཁྱིམ་ཆས་གསར་བ་བརྗེས་སོང་ངམ། འབོལ་ཁྲིའི་གསར་བ་འདི་བལྟས་ན་ཧ་ཅང་ཡག་པོ་འདུག”
“རེད། ཧྲུའུ་ཅི་དབྱང་ལགས། ལོ་གཉིས་རིང་ཁྱིམ་ཚངགི་ཡོང་འབབ་ཅུང་བཟང་པོ་འདུག་ལ། ཟླ་སྔོན་མར་ང་དང་བུ་གཉིས་ཀྱིས་མཉམ་དུ་སྔོན་གྱི་ཁྱིམ་ཆས་རྙིང་པ་ཚང་མ་བརྗེས་ཡོད”ཟེར།“ཧ་ཅང་ཡག་པོ་འདུག ད་ལོར་ལས་ཀ་ཡག་པོ་བྱས་ནས་བརྙན་འཕྲིན་ཆེན་པོ་ཞིག་བརྗེ་བར་བརྩོན་ལེན་བྱོས”ཅེས་སྒོ་ནང་དུ་འཛུལ་རྗེས། དབྱང་ཡུས་ཝུན་དང་མ་ཐེན་ལིང་གཉིས་ཀྱིས་ཁྱིམ་ཚང་གི་རྒྱུན་ལྡན་སྐོར་གྱི་ལབ་གླེང་བྱས།
ད་ལོར་ལོ57ལ་སླེབས་པའི་མ་ཐེན་ལིང་གི་ཁྱིམ་ཚང་ལ་མི6ཡོད་པ་དང་། བུ་གསུམ་དང་བུ་མོ་གཅིག་ཡོད། ཁྱིམ་ཚང་གཅིག་གི་ཡོང་འབབ་གཙོ་བོ་བཟའ་ཟླ་གཉིས་ཀྱིས་གྲོང་ཁུལ་དུ་གླ་རྒྱག་པ་དང་ཁྱིམ་གྱི་འབྲི་མཛོ30ལ་བརྟེན་ཡོད། ལོ་འགའི་སྔོན་ལ། ཕྲུ་གུ་བཞིས་གཅིག་རྗེས་གཉིས་མཐུད་དུ་སློབ་ཆེན་དུ་རྒྱུགས་བླངས་པས། ཁྱིམ་གྱི་འགྲོ་སོང་གློ་བུར་དུ་ཇེ་མང་དུ་ཕྱིན་པ་དང་། བཟའ་ཟླ་གཉིས་ཀྱི་ཁུར་པོ་ཡང་ཇེ་ཆེར་འགྲོ་བཞིན་ཡོད། ལོ་འདི་གཉིས་ལ། བུ་གཉིས་དང་བུ་མོ་གཅིག་སྔ་རྗེས་སུ་སློབ་མཐར་ཕྱིན་ནས་བྱ་བར་ཞུགས་འགོ་བརྩམས་པས། ཁྱིམ་ཚང་གཅིག་གི་འཚོ་བ་ཡང་ཇེ་བཟང་དུ་ཕྱིན་ཡོད།
མ་ཐེན་ལིང་གི་ཁྱིམ་གྱི་གནས་ཚུལ་ལ་དམིགས་ནས། དབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་དབུལ་ཐར་འགག་སྒྲོལ་དང་། གྲོང་གསེབ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་སོགས་ཐད་ཀྱི་ནང་དོན་ལ་དམིགས་ནས་གཏིང་ཟབ་ཅིང་སྟབས་བདེའི་སྒོ་ནས་སྲིད་ཇུས་དྲིལ་སྒྲོག་བྱས་པ་རེད།
“ཡིག་ཆ་ཨང་དང་པོའི་ནང་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རིགས་གསར་པ་སྐྱེད་སྲིང་བྱེད་དགོས་ཞེས་བསྟན་ཡོད། འདིས་བཤད་པ་ནི་ང་ཚོའི་གྲོང་ཚོའི་ཐོན་ལས་གསར་པ་མ་རེད་དམ། ཁྱེད་ཀྱིས་ཀྱང་ཤེས་གསལ་ལྟར། སྔོན་ཆད་ང་ཚོའི་འབྲོང་སྡེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་འཕར་བའི་ཐབས་ལམ་ཅུང་ཁེར་རྐྱང་ཡིན་པ་དང་། ལྷག་པར་དུ་ཐོན་ལས་འཕེལ་རྒྱས་ཐད་གྲོང་ཚོ་གཞན་དག་དང་བསྡུར་ན་ད་དུང་ཧེ་བག་ཡོད། འོན་ཀྱང་ང་ཚོས་ན་ནིང་ནས་བཟུང་གྲོང་ཚོའི་རི་བོ་ཆེའི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་བེད་སྤྱད་དེ། གོང་རིམ་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱི་མཐུན་སྦྱོར་རོགས་རམ་བརྒྱུད། གྲོང་གསེབ་དར་སྤེལ་གཏོང་བའི་དུད་ཚང་གི་ཐོན་ལས་མ་དངུལ་སྒོར་ཁྲི150བཏང་ནས། ང་ཚོའི་རི་བོ་ཆེའི་སྒར་སའི་ས་ཚིགས་བསྐྲུན་པ་རེད། ན་ནིང་ལོ་མཇུག་བར་ཡོང་འབབ་སྒོར་ཁྲི40ཡོད་པ་དེ་གྲོང་ཚོ་ཡོངས་ཀྱི་མི་རེ་རེར་ཁེ་སྤོགས་གཅིག་ཇེ་མང་དུ་ཕྱིན་ཡོད། ད་ལོར་གྲོང་ཚོའི་ནང་ད་དུང་སྒར་ས་རྒྱས་སྐྲུན་བྱས་ནས། སྒར་སའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན”ཟེར།
དབྱང་ཡུས་ཝུན་གྱིས་འབྲོང་སྡེ་གྲོང་ཚོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། གསོན་ཉམས་དོད་པའི་གྱོད་དཔེ་རེ་རེ་ལ་བརྟེན་ནས། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གི་སྲིད་ཇུས་ལ་གསལ་བཤད་དང་འགྲེལ་བཤད་གང་ལེགས་བྱས་ཡོད།
མ་ཐེན་ལིང་གི་ཁྱིམ་མི་གང་བོས་བློ་རྩེ་གཅིག་ཏུ་སྒྲིམ་ནས་ཉན་པ་དང་། སྐབས་རེར་མགོ་བོ་ཀུག་ཀུག་བྱས་ནས་མོས་མཐུན་གྱི་རྣམ་འགྱུར་བསྟན། “ཧྲུའུ་ཅི་དབྱང་ལགས། ཁྱེད་ཀྱིས་འདི་ལྟར་བཤད་ན། ངས་ཧ་ཅང་གསལ་པོ་ཤེས་ཐུབ། ན་ནིང་ཡོང་སྒོ་བགོས་ནས་ངེད་ཚང་ལ་སྒོར་དྲུག་སྟོང་ལྷག་ཐོབ་ཡོད། ངའི་ཁྱིམ་གྱི་བུ་གཉིས་པ་ཡང་སྒར་སར་ལས་ཀ་བྱེད་བཞིན་ཡོད། ཟླ་གཅིག་གི་གླ་ཕོགས་སྒོར་སྟོང་གསུམ་ལྷག་ཡོད། ད་ལོར་ངས་ཁོ་མུ་མཐུད་དུ་སྒར་སར་འགྲོ་རུ་འཇུག་རྩིས་ཡོད ”ཅེས་མ་ཐེན་ལིང་གིས་དགའ་སྤྲོའི་ངང་བཤད།
“གནད་དོན་མེད། གྲོང་ཚོ་འཕེལ་རྒྱས་ཡག་པོ་གཏོང་དགོས་ན། ཕ་ཡུལ་དུ་ཕྱིར་ལོག་པའི་སློབ་ཆེན་སློབ་མ་དེ་དག་གི་རྒྱབ་སྐྱོར་མཁོ་བ་ཡིན། དེ་རིང་ད་དུང་གཏམ་བཟང་ཞིག་ཁྱོད་དང་གྲོས་མོལ་བྱེད་དགོས”ཞེས་དབྱང་ཡུས་ཝུན་གྱིས་མུ་མཐུད་དུ་བཤད་རྒྱུར། “ད་ལོར་གྲོང་ཚོའི་འབྲོག་ལས་མཉམ་ལས་ཁང་གི་ནོར་ཁང་དང་རྩྭ་གསོག་ཁང་། ཉལ་ཁང་བཅས་ཚང་མ་བསྐྲུན་ཟིན་པ་དང་། སྲིད་གཞུང་གིས་ད་དུང་གྲོང་ཚོར་འབྲི་གཡག150བགོས་ཡོད། མིག་སྔར་མཉམ་ལས་ཁང་གི་འཁོར་སྐྱོད་ཧ་ཅང་ཡག་པོ་ཡོད་པ་རེད། ངས་ཧྲུའུ་ཅི་དཔལ་དང་གྲོས་མོལ་བྱས་ནས་གྲོང་ཚོའི་གནས་ཚུལ་དངོས་ལ་གཞིགས་ནས། ཚང་མས་རང་ཉིད་ཀྱི་ཕྱུགས་རིགས་དེ་མཉམ་ལས་ཁང་གི་མ་རྐང་དུ་བཞག་ནས། ཚང་མའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཚེ། ཁྱོད་ཚོས་ཀྱང་ཉིན་རེ་བཞིན་འབྲི་གཡག་ལ་བདག་སྐྱོང་བྱེད་མི་དགོས་པ་མ་ཟད། གྲོང་ཁུལ་དུ་ཞོར་ལས་བརྒྱབ་ཆོག་པ་དང་ལོ་མཇུག་ཏུ་མཉམ་ལས་ཁང་གིས་ད་དུང་ཁེ་སྤོགས་ཤིག་ཀྱང་བགོ་བཤའ་བརྒྱབ་ཆོག”ཟེར།
"ངོ་མ་ཡིན་ནམ། ཧྲུའུ་ཅི་དབྱང་ལགས། ངེད་ཚང་གིས་མ་རྐང་འཇོག་འདོད་ཡོད། ད་ལྟ་ལོ་ན་རྒས་ཟིན་པས། ཉིན་རེ་བཞིན་རི་འགོར་འགོས་ནས་ཕྱུགས་འཚོ་སྐྱོང་བྱེད་མི་ཐུབ། ཡིན་ཡང་། ཁྱིམ་གྱི་འབྲི་གཡག30ལ་ལོ་རེར་ཡོང་འབབ་སྒོར་ཁྲི2ཐོབ་ཐུབ་པས་ཐོག་མཐའ་བར་གསུམ་དུ་དོར་འདོད་མེད། ད་འགྲིག་སོང་། མཉམ་ལས་ཁང་ལ་མ་རྐང་བཞག་ན་ང་ཚོ་ཡང་སེམས་བདེ་བ་དང་། ད་དུང་ཁོམ་ལོང་ཙམ་བྱུང་ན་ལས་ཀ་གཞན་སྒྲུབ་ཆོག"ཅེས་དབྱང་ཡུས་ཝུན་གྱི་སྐད་ཆ་ཐོས་རྗེས། མ་ཐེན་ལིང་ལ་དགའ་སྤྲོ་ཆེན་པོ་སྐྱེས།
སྔ་དྲོ་གཅིག་རིང་གི་དྲིལ་སྒྲོག་བྱེད་སྐབས་དབྱང་ཡུས་ཝུན་དང་དཔལ་ཉི་མས“སྐད་ཆ་གསལ་པོ”བཤད་པ་དང་། “འཕེལ་རྒྱས་ཀྱི་ལམ་བུ”བཀོད་སྒྲིག་བྱས་པས། མ་ཐེན་ལིང་ཁྱིམ་མི་གང་བོར་ད་ལོའི་ཐོན་ལས་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
ངལ་གསོ་བྱེད་ཁོམ་ཡང་མ་བྱུང་བར། མ་ཐེན་ལིང་གི་ཁྱིམ་ནས་ཕྱིར་ཡོང་རྗེས། དབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་ཁྱིམ་ཚང་གཞན་ཞིག་གི་ཕྱོགས་སུ་སོང་ནས། ཡིག་ཆ་ཨང་དང་པོའི་དགོངས་དོན་དེ་གྲོང་ཚོའི་ཁྱིམ་ཚང་ཚང་མར་མྱུར་དུ་དྲིལ་སྒྲོག་བྱེད་པར་བྲེལ། །