ཟླ3ཚེས12ཉིན་ནས་ཚེས13ཉིན་བར། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སྔ་རྗེས་སུ་མཇུག་སྒྲིལ་མ་ཐག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ལའོ་ཏུང་ཁྲོན་གཉིས་ཀྱིས་དཔུང་སྡེ་ཡི་སྣེ་ཁྲིད་དེ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ་ལ་སོགས་རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་གི་ཁེ་ལས་བཅས་སུ་འཚམས་འདྲི་ལ་ཕྱིན་ཏེ། ལས་དོན་འབྲེལ་སྦྱོར་བྱས་ཚུལ་སྙན་སེང་ཞུས་ནས་མཉམ་ལས་མཉམ་རྒྱལ་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་།
ཟླ3པའི་ཚེས11ཉིན། གསར་འགོད་པས་ཟི་ལིང་མཚོ་འགག་དང་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གཉིས་ཀྱིས་མཉམ་དུ་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ་སྔོན་མ་གཉིས་ཀྱི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་སྤྱིའི་རིན་ཐང་སྒོར་དུང་ཕྱུར11.7ལ་བསླེབས་ཤིང་། དེ་ནི་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི75.3%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་མྱུར་བ་མ་ཟད། རྒྱལ་ཡོངས་ཀྱི་ཨང་དང་པོར་ཆགས།
ཟླ3ཚེས13ཉིན་གྱི་ཆུ་ཚོད12དང་སྐར་མ50ཡི་སྟེང་དུ། མཚོ་སྔོན་ཞིང་ཆེན་གྱི5G+ARརྒྱང་ཁྲིད་གཤགས་བཅོས་ཀྱི་བཅོས་ཐབས་ཐོག་མ་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་ནས་ལག་བསྟར་བྱས་པ་མ་ཟད་ལེགས་འགྲུབ་བྱུང་ལ། དེ་ནི་གཤེར་རྨེན་དང་མཁྲིས་ནད་སྐོར་གྱི་གཤག་བཅོས་ཕྲ་མོ་བྱེད་ཐབས་གཙོ་བོ་ཞིག་རེད།
ཟླ3ཚེས10ཉིན་མཚོ་སྔོན་སློབ་ཆེན་ཟུར་གཏོགས་སྨན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན་སྨན་ཁང་དེས(阿尔兹海默症)བགྲེས་པོར་དྲན་ཤེས་ཉམས་པའི་ནད་ཕོག་པའི་ནད་པ་གཉིས་བཅོས་ཐབས་བྱུང་བས། ད་སྔའི་བར་མཚོ་བོད་མཐོ་སྒང་ས་ཁུལ་དུ་འདི་ལྟ་བུའི་སྨན་བཅོས་ལག་རྩལ་མེད་པའི་སྟོང་ཆ་བསྐངས།
ཚེས7ཉིན་ནས་ཚེས10ཉིན་བར་སྐད་འཕྲིན་དང་མགྱོགས་འཕྲིན་འཁྱུག་དབྱངས་སོགས་ནས་སྔ་རྗེས་སུ་སྒྲིག་འགལ་གྱི་བརྙན་ཐུང་བཅོས་སྐྱོང་བྱ་རྒྱུ་ཁྱབ་སྒྲོག་བྱས།མགྱོགས་འཕྲིན་ཕྱོགས་ནས་འདི་སྐད། ཉེ་ལམ་འཕྲིན་སྟེགས་ལ་དཔྱད་ཞིབ་སྐོར་ཞིབ་བྱེད་པའི་གོ་རིམ་ནང་། བརྙན་ཐུང་ཁག་ཅིག་གི་རྒྱུ་སྤུས་ཧ་ཅང་ཐབས་ཆག་ཡིན་ལ། དྲང་ཕྱོགས་ཀྱི་ཁྲིད་སྟོན་ལས་ཕྱིན་ཅི་ལོག་ཡོད་པར་མ་ཟད། མིང་གཞན་གཡར་ནས་བརྒྱུད་སྒྲོག་བྱ་སྤྱོད་སྤེལ་ཡོད་པས་སྡོད་ཁུལ་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་བཟོས། དྲ་རྒྱའི་སྒྲ་གཟུགས་དོ་དམ་གྱི་འབྲེལ་ཡོད་བླང་བྱ་དང་སྡོད་ཁུལ་གྱི་སྒྲིག་ལམ་གཞིར་བཟུང་སྟེ། བརྙན་ཐུང600ལྷག་བཀག་འགོག་དང་དག་ཐེར། སྒོ་བརྒྱབ་པ་སོགས་ཚད་མི་འདྲ་བའི་ཆད་པ་གཅོད་རྒྱུ་མ་ཟད། ཉེས་བསགས་ཚབས་ཆེན་དག་དྲ་རྒྱའི་བརྙན་ཐུང་གི་མིང་ཐོ་ནག་པོར་འཇུག་རྒྱུ་ཡིན་ཞེས་གསལ་འདེབས་བྱས་འདུག།
ཟླ3ཚེས9ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགོད་པའི་ཚོགས་འདུའི་སྟེང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འགན་ཁུར་བ་ནེ་ཧོང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལེན་འདེབས་སྐབས། 2000ལོ་ཡན་ཆད་དུ་བསྐྲུན་པའི་གྲོང་ཁྱེར་གྱི་སྡོད་ཁུལ་དང་ཁང་རྙིང་དག་གྲོང་ཁྱེར་གསར་སྐྲུན་བསྒྱུར་བཀོད་ཀྱི་ཁོངས་སུ་བླངས་ཏེ། ཡུལ་བབ་དང་བསྟུན་པའི་སྒོ་ནས་བསྒྱུར་བཀོད་བྱེད་དགོས་པ་མ་ཟད། ས་གནས་ཀྱིས་སྡོད་དམངས་རང་བདག་གིས་ཁང་རྙིང་གསར་བསྒྱུར་བྱེད་ཐབས་འཚོལ་ཞིབ་བྱེད་པའི་ཐད་ལ་ཡར་སྐུལ་གཏང་དགོས་ཚུལ་དང་། དེ་བཞིན་གྲོང་དབུས་ཁུལ་བསྒྱུར་བཀོད་ཀྱི་གཞི་ཁྱོན་དེ་ད་ལྟ་རྒྱལ་ཡོངས་ཀྱི་ས་གནས་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་བར་བསྐྱེད་ཡོད་པས། ན་ནིང་གི་ཁང་པ་ཁྲི100ཡི་རྨང་གཞིའི་སྟེང་གཞི་རྒྱ་མུ་མཐུད་ནས་བསྐྱེད་དགོས་པ་བསྟན།
ཟླ3ཚེས12ཉིན། སྨྱན་བྱེད་གསར་འགོད་པ་ཞིག་གི་བརྟག་དཔྱད་ལྟར་ན། (杨铭宇黄焖鸡)དབྱང་མིན་ཡུས་བྱ་ཤ་ཟ་ཁང་མང་པོ་ཞིག་གིས་ཉིན་དུ་མར་བཞག་ཅིང་རླན་ཆགས་པའི་སྔོ་ཚལ་རིགས་དང་། སྐུ་མགྲོན་གྱིས་ཟས་ལྷག་དག་ཡང་བསྐྱར་བཟོ་སྣོན་བྱས་རྗེས་ཕྱིར་འཚོང་བ་དང་། ཞག་ཤ་ནག་པོ་ཆགས་པ་ལ་མདོག་འགྱུར་རྫས་སྣ་བླུགས་ནས་ཤ་སོས་པར་བཟོ་བ་སོགས་ཀྱི་གནད་དོན་ཡོད་པ་མ་ཟད། ལས་བཟོ་བ་མང་པོ་ཞིག་བདེ་ཐང་དཔང་ཡིག་མི་དགོས་པར་ཐད་ཀར་ལས་གནས་སུ་བཀོད་ཡོད་ཚུལ་ཐེར་འདོན་བྱས་འདུག
ཉེ་ལམ། དྲ་ལམ་དུ《བོད་ལྗོངས་ཀྱི་གནོད་ཁུལ་བསྐྱར་བསྐྲུན་ཕྱོགས་ཀྱི་དམིགས་བསལ་བུན་འཛིན་ཉོ་སྒྲུབ》ཞེས་པའི་གནས་ཚུལ་སྤེལ་འདུག་ལ། དེར་འབྲེལ་ཡོད་སྡེ་ཚན་གྱིས་རྩད་གཅོད་བྱས་པ་ལྟར་ན། གནས་ཚུལ་དེ་རྫུན་མ་ཡིན་པར་མ་ཟད། ད་དུང་དངུལ་རྩའི་ཁ་སླུས་སུ་གཏོགས་སྐོར་གསལ་བསྒྲགས་བྱས་འདུག ཚང་མས་དུས་རྒྱུན་གྱི་འཚོ་བའི་ནང་ཆ་འཕྲིན་འདི་ལྟ་བུའི་གཡོ་འོག་ཏུ་ཚུད་པར་དོགས་ཟོན་གྱིས།
ལུས་ཀྱི་རྒྱ་ཚད་ལྕི་ལ་ཤ་རྒྱགས་པོ་ཆགས་པ་དེ་ལ་མི་རྒྱུད་དང་དུས་རྒྱུན་གྱི་བཟའ་བཏུང་། འགུལ་སྐྱོད་ཀྱི་ཚད། འཚོ་བའི་གོམས་གཤིས། སྤྱི་ཚོགས་ཁོར་ཡུག་གི་འགྱུར་ལྡོག་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་རག་ལས་པས། ཟླ3ཚེས9ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལེ་ཧའེ་ཁྲའོ་ཡིས་ལུས་ཀྱི་ལྗིད་ཚད་དོ་དམ་ལོ་ཡི་ལས་འགུལ་སྤེལ་ནས་བདེ་ཐང་གི་འཚོ་བ་རོལ་སྟངས་སྤྱི་ཚོགས་ཡོངས་ལ་ཁྱབ་གདལ་དུ་གཏང་དགོས་པ་བརྗོད།
ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཡུག་རེན་བར་གྱི་གཡུལ་འཐབ་ཉིན་སུམ་ཅུ་ལ་མཚམས་འཇོག་པའི་གྲོས་ཆིངས་དེར་མོས་འཐད་བྱུང་ཡང་། འབྲེལ་ཡོད་ཀྱི་ལས་དོན་ཞིབ་ཕྲ་སྐོར་ནས་ད་དུང་གྲོས་བསྡུར་དགོས་པའམ་ཡང་ན་ཨ་རིའི་སྲིད་འཛིན་ཁྲེ་རོན་ཕུ་ལ་ཐད་ཀར་གྲོས་སྡུར་བྱེད་དགོས་སྐོར་བསྟན། དེར་ཡུག་རེན་གྱི་སྲིད་འཛིན་ཙེ་ལིན་སི་ཅིས་ལན་དུ་ཨུ་རུ་སིའི་གཡུལ་འཐབ་མཚམས་འཇོག་གི་གྲོས་ཆིངས་ནང་དུ་སྔོན་འགྲོའི་ཆ་རྐྱེན་མང་པོ་ཞིག་བཏོན་ཡོད་པས། ཡུག་རེན་ཕྱོགས་ནས་བལྟས་ན་དེ་ནི་ཨུ་རུ་སིས་བཤམས་བཞིན་པའི་གཡོ་ཇུས་ཤིག་རེད་ཅེས་བསྟན་ནོ། །