ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་ཞིང་། མི་སེམས་ཕྱོགས་མིན་དང་འབྲེལ་བ་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལེགས་འགྲུབ་ཐུབ་མིན་ཐག་གཅོད་ཐུབ་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱེད་པ་ནས་འགོ་བཙུགས་ཏེ། གོང་ནས་འོག་བར་དང་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། དུས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཅི་ཞིག་དམ་འཛིན་དང་ཇི་ལྟར་དམ་འཛིན་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་ཡོད། གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་པ་དེས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྒུལ་ཤུགས་སྦྱིན་ཡོད་ཅིང་། ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་། སྤྱི་སྲོལ་དང་དམངས་སྲོལ་རྒྱུན་མཐུད་ལེགས་སུ་ཕྱིན་པས། རང་རེའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་རྣམ་པ་གསར་པར་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་བརྗོད་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་དོན་གཏིང་ཟབ་པ་བཅས་ཡིན་པས། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་གཏོང་མཐའ་འཁྱོངས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་མཐའ་འཁྱོངས། བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་ལེན་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་བརྟན་ཐོག་རྒྱང་བགྲོད་ཐུབ་པར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།《རྣམ་བཤད་བཏུས་བསྒྲིགས》དེ་ཆེད་དོན་9ལ་དབྱེ་ཡོད་པ་དང་། ཁྱོན་བསྡོམས་རྣམ་བཤད་དུམ་བུ་299ཡོད་པ་རྣམས་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2025ལོའི་ཟླ་2པའི་བར་གྱི་སྙན་ཞུ་དང་གསུང་བཤད། མཛུབ་སྟོན། གླེང་གཞི་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་130ལྷག་ཙམ་ནས་བཏུས་པ་ཞིག་ཡིན། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན།