ཝུའུ་ཞའོ་ཅུན་གྱིས་ལྗང་མདོག་རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་ཞེས་བསྟན།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ལྗང་མདོག་རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་ཞེས་བསྟན།

རྩོམ་པ་པོ། ཝུའུ་ཞའོ་ཅུན།(མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།)

ཝུའུ་ཞའོ་ཅུན།(མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།)

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་གནས་ལུགས་ཉག་གཅིག་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་ནི་མཚོ་སྔོན་གྱི་ལས་དོན་གྱི“རྩ་བ”དང“བླ་སྲོག”ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་སྐྱེ་ཁམས་སྔོན་ལ་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། སྒྲུབ་རྒྱུ་དང་མི་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་གནས་རང་གི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་སྒོས་སྐྱེད་སྲིང་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ཆེ་བའི་འཕེལ་རྒྱས་ཡོང་བར་བྱེད་དགོས་པའི་མངག་བཅོལ་གནང་བ་རེད། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུར་དམིགས་ནས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།

ཐོན་ཁུངས་ཀྱི་ནུས་པར་གཞི་ཚུགས་ནས་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་དང་ཐཱན་ཉུང་གཏོང་དང་བཙོག་འབུད་ཉུང་གཏོང་ལ་རོགས་རམ་བྱེད་དགོས། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་རྒྱུན་མཐུད་གསོག་འཇོག་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དང་། མངའ་ཁོངས་སུ་ཆུ་ཁུངས་མང་བ་དང་། འོད་ཕུན་སུམ་ཚོགས་ལ། རླུང་ཤུགས་འཛོམས་ཤིང་ས་ཆ་རྒྱ་ཆེ་བ་བཅས་ཡིན། ཆུ་གློག་ཐོན་ཁུངས་རྒྱལ་ཡོངས་ཀྱི་ཨང་ལྔ་པར་སླེབས་པ་དང་། ཉི་ནུས་ཀྱི་ལོ་རེའི་སྤྱིའི་འགྱེད་འཕྲོ་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ལ། རང་རྒྱལ་གྱི་རླུང་ཤུགས་འཛོམས་ས་ཨང་བཞི་པ་ཡིན། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་པ་གསར་སྤེལ་བྱེད་པར་སྤྱོད་ཆོག་པའི་ཐང་རྒོད་ཅན་གྱི་ས་ཆ་སྤྱི་ལེ་གྲུ་བཞི་མ་ཁྲི10ཙམ་ཡོད་པས། ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་ཞིང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད།

རྒྱལ་ཁབ་ཀྱི་དགོས་མཁོར་རྐང་འཛུགས་པ་དང་མཚོ་སྔོན་གྱི་ནུས་ཤུགས་ལ་དམིགས་ནས། “སྤྱིའི་སྡེར་མ”མུ་མཐུད་དུ་རྒྱ་བསྐྱེད་དང“སྟོབས་ཤུགས་སྲ་མོ”ཆེ་རུ་བཏང་ཡོད། མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། དྲ་ཁུངས་དང་ནུས་གསོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “བྱེ་མ་ཐང་རྒོད་མྱ་ངན་ཐང”གི་རྟེན་གཞི་འཛུགས་སྐྲུན་དང་། ཆུ་གློག་གསར་སྤེལ། ནུས་གསོག་དཔེ་སྟོན། མེ་གློག་འདེགས་སྐྱོར་སོགས་ཀྱི་ལས་དོན་གྱི་ཁྱད་ཆོས་མང་པོ་གསར་སྐྲུན་ལ་སྐུལ་འདེད་བཏང་ཡོད། 2024ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་སྟོང་ཝ་ཁྲི7100ལས་བརྒལ་བ་དང་། དེའི་ནང་ནུས་ཁུངས་གཙང་མའི་འབྱུང་ཁུངས་ཀྱི་འཕྲུལ་འཁོར་སྒྲིག་སྦྱོར་གྱིས་བཟུང་བའི་བསྡུར་ཚད94.6%ལ་སླེབས་པས། རྒྱལ་ཡོངས་སུ་ཐོག་མར་ནུས་ཁུངས་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་དང་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད“གཙོ་གཞི་གཉིས”མངོན་འགྱུར་བྱུང་ཡོད། ཟི་ལིང་གི“འོད་གློག་སྲང་ལམ་གཅིག”དེ“འོད་ཤུགས”འཚོལ་ཞིབ་ལམ་གྱི་མཚོ་སྔོན་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད། 2024ལོར་ཞིང་ཆེན་ཡོངས་ཀྱི་ཤེལ་མང་སྭེལ་ཕྱིར་གཏོང་ལྡབ73.7འཕར་བ་དང་། ཤེལ་རྐྱང་སྭེལ་དབྱུག་པ་ཕྱིར་གཏོང་ཐེངས་དང་པོ་མངོན་འགྱུར་བྱུང་ལ། ཕྱིར་གཏོང་གྲངས་འབོར་གྱིས་རྒྱལ་ཡོངས་ཀྱི་རིགས་མཚུངས་ཕྱིར་གཏོང་ཚོང་ཟོག་གི12.1%ལ་སླེབས་པ་དང་། ཐཱན་སྐྱུར་ལིས་ཐོན་ཚད22.3%འཕར་ཞིང་། ལིས་གློག་གཡིས་ཕྱིར་གཏོང་ལྡབ77.5འཕར་ནས། རྒྱལ་ཡོངས་ཕྱི་ཕྱོགས་ཚོང་དོན་གྱི“རྣམ་པ་གསར་པ་གསུམ”ནང་མཚོ་སྔོན་གྱིས་རིགས་གཉིས་བཟུང་ཡོད། མཚོ་སྔོན་གྱིས་རྒྱལ་ཡོངས་མི་འབོར་གྱི4‰ལ་སླེབས་པ་དང་དཔལ་འབྱོར་སྤྱི་འབོར3‰བཟུང་ཡོད་ལ། རྒྱལ་ཡོངས་ཀྱི་གཅིག་བསྡུས་རྣམ་པའི་འོད་ཤུགས་གློག་འདོན་འཕྲུལ་འཁོར་ལ7%ཡས་མས་དང་འོད་ཤུགས་གློག་འདོན་ཚད་ལ5%ཡས་མས་ཀྱི་ལེགས་སྐྱེས་ཕུལ་ཡོད། 2030ལོར་བསླེབ་སྐབས་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ལས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར1.4ཟིན་ནས། རྒྱལ་ཡོངས་ཀྱི་ནུས་ཁུངས་མཁོ་སྤྲོད་འགན་ལེན་གྱི་ཁྱོན་ཡོངས་དང་ཐོན་ལས་འབྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་རླིང་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་ལ་དམིགས་ནས། རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་ཞུ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལྗང་མདོག་འདུས་ཚད”ཆེས་ཆེར་ཇེ་མཐོར་བཏང་ཡོད། ང་ཚོས་རྒྱལ་ཁབ་ཀྱི་ནུས་ཁུངས་གལ་ཆེན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་དང་ས་ཁུལ་ལས་བརྒལ་བའི་གློག་འདྲེན་བགྲོད་ལམ་དང་ཕྱི་སྐྱེལ་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་། འཛམ་གླིང་ཐོག་གི་ལྗང་མདོག་གློག་ཤུགས་བགྲོད་ལམ་དང་པོ་སྟེ་ཆིང་ཡུས་ཐད་རྒྱུག་ཕྱི་སྐྱེལ་ཁྱབ་ཁོངས་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར15ལ་རྒྱ་བསྐྱེད་བཏང་བ་དང་། ཕྱི་སྐྱེལ་གློག་ཤུགས་ཚད་རིམ་རྩིས་བྱས་ན་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར680ལས་བརྒལ་བ་དང་། པེ་ཅིན་ཏ་ཞིན་གནམ་གྲུ་ཐང་དང་ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཐོག་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་བེད་སྤྱོད་བྱས་ཡོད། ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་སྔོན་དུ། རྒྱལ་ནང་གི་འཆར་འགོད་འཕྲུལ་འཁོར་སྒྲིག་སྦྱོར་གྱི་གློག་ཤུགས་ཤོང་ཚད་ཆེ་ཤོས་དང་། མ་དངུལ་བསྡོམས་འབོར་མང་ཤོས། ནུས་ཁུངས་གསར་པས་ཟིན་པའི་བསྡུར་ཚད་མཐོ་ཤོས། འགྱུར་མཚམས་ལས་བརྒལ་བའི་རྡོ་སོལ་འཕྲུལ་འཁོར་ཚན་པའི་བབ་མཐོ་བའི་འཕྲུལ་འཁོར་རྐྱང་བའི་ཤོང་ཚད་ཆེ་ཤོས་བཅས་ཡིན་པའི་ཚྭ་འདམ་ན་གོར་མོ་ཤར་རྒྱུད་བྱེ་ཐང་གི་རྟེན་གཞིའི་གློག་ཁུངས་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། ཆིང་ཀུའེ་ཐད་རྒྱུག་གིས་རྒྱལ་ནང་དུ་གློག་དྲ་གཉེར་སྐྱོང་ཁུལ་ལས་བརྒལ་བའི་འཁོར་སྐྱོད་ཐེངས་དང་པོ་མངོན་འགྱུར་བྱ་རྒྱུ་དང་། ལོ་རེར་གློག་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར360ལས་བརྒལ་ནས། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི2800ཡན་ཇེ་ཉུང་དུ་གཏོང་བར་རམ་འདེགས་བྱ་ཐུབ། ལྗང་མདོག་ལག་ཁྱེར་ཉོ་ཚོང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་འཛད་སྤྱོད་ཇེ་མང་དུ་བཏང་ནས། བསྟུད་མར་ལོ་དྲུག་རིང“ལྗང་མདོག་གློག་གི་ཉིན7”“ལྗང་མདོག་གློག་གི་ཉིན9”།“ལྗང་མདོག་གློག་གི་ཉིན15”།“ལྗང་མདོག་གློག་གི་གཙང་གསུམ་འབྱུང་ཡུལ”སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ནུས་ཁུངས་གཙང་མ་ཡོངས་ཀྱི་གློག་འདོན་ཚད་ཀྱིས་འཛམ་གླིང་གི་ཟིན་ཐོ་རྒྱུན་ཆད་མེད་པར་གསར་གཏོད་བཏོད་དེ། རྒྱལ་ཡོངས་ཀྱི་ནུས་ཁུངས་ཚུལ་སྒྱུར་འཕེལ་རྒྱས་ལ་ལག་ལེན་གྱི་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས་ཡོད།

མིས་བཟོས་རིག་ནུས་འཕེལ་རྒྱས་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི“མཚོ་སྔོན་གྱི་དཔེ་དབྱིབས”བསྐྲུན་ཡོད། མཚོ་སྔོན་གྱི་གནམ་གཤིས་གྲང་ཞིང་སྐམ་པ་དང་མཁའ་རླུང་གཙང་ཚད་མཐོ་བས། གཞི་གྲངས་ལྟེ་གནས་ཀྱིPUEགྲངས་ཚད1.2མན་ཡིན་པ་དང་། ནུས་ཁུངས་ཟད་གྲོན་རྒྱལ་ནང་གི་ཆ་སྙོམས་ཆུ་ཚད་ལས40%དམའ་བ་དེ་ནི་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བའི“རང་བྱུང་གྲུ་ཁ་བཟང་པོ”ཞིག་ཡིན། ང་ཚོས་ནུས་ཁུངས་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་རྒྱག་ལ་བསྒྱུར་བ་དང་། གློག་སྐུད་དེ་འོད་སྐུད་དུ་བསྒྱུར་བ། ཝ་ཐེ་དེ་པིས་ཐེ་རུ་བསྒྱུར་བ། ལྗང་མདོག་རྩིས་རྒྱག་ནུས་པ་འཕེལ་རྒྱས་ཀྱི“ནུས་ཁུངས་ཧ་ཅང་འདང་བ་དང་། གློག་རིན་ཧ་ཅང་དམའ་བ། ལྗང་མདོག་གློག་སྣེ་ལེགས་པ། གནམ་གཤིས་ཧ་ཅང་བཟང་བ། ནུས་ཁུངས་ཟད་གྲོན་ཧ་ཅང་ཉུང་བ། ཐོབ་ཆ་ཧ་ཅང་མཐོ་བ”བཅས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་མངོན་པར་བྱས་ཏེ། “མཐོ་གྲང”གི་མཚོ་སྔོན་ལ“འོད་ཆེམ་ཆེམ”གྱི་དུས་སྐབས་བསླེབས་ཡོད།

སྔོན་ལ་ལྗང་མདོག་རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་བཏོད་ཡོད། ལྗང་མདོག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ནི་མ་གཞི་ནས་ལྗང་མདོག་ཐོན་སྐྱེད་ནུས་ཤུགས་ཡིན། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དེ་རྒྱལ་ཡོངས་སུ་སྔོན་ལ་ཚོད་ལྟ་བྱས་ཡོད། ང་ཚོས་རྒྱལ་ཡོངས་སུ་སྔོན་ལ་ལྗང་མདོག་རྩིས་རྒྱག་ནུས་པའི་ས་གནས་ཚད་གཞི་ཁག་ལྔ་བཏོན་པ་དང་། ལྗང་མདོག་རྩིས་རྒྱག་ནུས་པར་བརྟེན་ནས་གསར་གཏོད་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་གང་ཐུབ་བྱས་ཏེ། དྲ་སྦྲེལ་གྱི་སྣེ་ཁྲིད་ཁེ་ལས་ཁག་གཅིག་མཚོ་སྔོན་དུ་གཞིས་ཆགས་ནས་རིག་ནུས་རྩིས་རྒྱག་དང་། ཚད་བརྒལ་རྩིས་རྒྱག དཔེ་དབྱིབས་ཆེ་གྲས་སོགས་ལས་རིགས་གསར་པ་ཆགས་པ་དང་། ལྗང་མདོག་གློག་ཤུགས་མཁོ་འདོན་བྱེད་སྟངས་གསར་གཏོད་བྱས་ནས། གོ་ལ་ཧྲིལ་པོའི“རང་འདོན་དང་། རང་གསོག རང་སྤྱོད། རང་སྲུང”བཅས་ཀྱི་ནུས་ཁུངས་གཙང་མ་ཡོངས་ཀྱི་གློག་དྲ་ཕྲ་མོའི་རྩིས་རྒྱག་ནུས་པའི་ལྟེ་གནས་ཐོག་མ་དེ་འགོ་ཚུགས་པ་དང་། རྒྱལ་ནང་གི་རྒྱལ་ཐོན་ཉིང་ལྷེབ་ཁཱ་ཁྲིའི་ལྗང་མདོག་རྩིས་རྒྱག་ཁྱུ་ཚོགས་རྣམ་གྲངས་ཐོག་མ་དེ་འགོ་ཚུགས་ལ། རྒྱལ་ཁབ་ཚད་བརྒལ་རྩིས་རྒྱག་ཝུའུ་ཞི་ལྟེ་གནས་མཚོ་སྔོན་སློབ་ཆེན་གྱི་ཡན་ལག་ལྟེ་གནས་ལག་བསྟར་བྱས་པ་དང་། ལས་རིགས་མང་པོ་མཉམ་འདྲེས་བྱས་ནས་རྩིས་རྒྱག་ནུས་པའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད། རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་ཐོག་མ་བསྐྲུན་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། གཞི་གྲངས་ཆེན་མོའི་གནོད་སེལ་གྲ་སྒྲིག་ལྟེ་གནས་དང་གནོད་སེལ་གྲ་སྒྲིག་སྤྲིན་སོགས་གཙོ་གནད་རྣམ་གྲངས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། “གྲངས་གཞི་ལས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”འཐབ་ཇུས་ནུས་པའི་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། མཚོ་སྔོན་གྱི་ཞིང་ཆེན་ཕྱིའི་ཚན་རྩལ་གསར་གཏོད་ཀྱི་འཕུར་ས་དང་པོ་སྟེ། མཚོ་སྔོན(པེ་ཅིན)ཚན་རྩལ་གསར་གཏོད་རྟེན་གཞི་དང་མཚོ་སྔོན(པེ་ཅིན)ལྗང་མདོག་རྩིས་ནུས་རྟེན་གཞི་སྒོ་བྱང་བཀལ་ནས་འཁོར་སྐྱོད་བྱས་ཡོད། 2024ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་སུ་བསྐྲུན་ཟིན་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་འཕྲུལ་འཁོར་སྒྲོམ་ཁྲི9.3ཟིན་པ་དང་། རྩིས་ཤུགས་གཞི་ཁྱོན8400Pཟིན་ནས། ལོ་འགོ་ལས8000Pའཕར་ཞིང་། སྔོན་དཔག་བྱས་ན2025ལོར་ཞིང་ཆེན་ཡོངས་ཀྱི་ཚད་ལྡན་འཕྲུལ་འཁོར་སྒྲོམ་དང་གཞི་ཁྱོན“ལྡབ་གཉིས་འཕར”མངོན་འགྱུར་བྱས་ཡོད། རྩིས་ཤུགས་ཐེག་ནུས་མགྱོགས་མྱུར་ངང་ཆགས་པ་དེས་མཚོ་སྔོན་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་བའི་ནང་འདྲེས་པར་སྔར་ལས་ལྷག་པར་འདེགས་སྐྱོར་ལེགས་པོ་བྱ་རྒྱུ་དང་། དབུས་ཤར་ས་ཁུལ་གྱི་གྲངས་གཞི་དང་། རྩིས་ཤུགས། རྩི་ཐབས་བཅས་ཀྱི་འབྲེལ་ཡོད་ཐོན་ལས་ནུབ་རྒྱུད་དུ་སྤོ་སྒྱུར་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། མཚོ་སྔོན་གྱི་ལྗང་མདོག་རྩིས་རྒྱག་རིན་ཐང་ཆེ་རུ་གཏོང་རྒྱུ་རེད། ས་མཐོའི་ས་གཞི་ཆེན་པོས་ལྗང་མདོག་གི“ཕྱེ་ལེབ་འགྱུར་ལྡོག”ལ་བརྟེན་ནས་རྒྱལ་ཡོངས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་མཚོ་སྔོན་གྱི་ཉམས་མྱོང་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་ཀྱི་གྲངས་གཞིའི་བདེ་འཇགས་ལ་འདེགས་སྐྱོར་བྱེད་པའི་མཚོ་སྔོན་གྱི་འགན་འཁྲི་མངོན་བཞིན་ཡོད།

ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཉེར་སྤྱོད་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ལྗང་མདོག་རྩིས་ནུས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། མཚོ་སྔོན་གྱི་ས་ཆ་སྤྱི་གྲུ་བཞི་མ་ཁྲི72ནི་རང་བྱུང་གི་ས་གཤིས་རྟེན་རྫས་བཤམས་མཛོད་ཁང་ཡིན་པ་དང་། ས་བབ་སྨི4500ཡི་དྲང་འཕྱང་བར་ཁྱད་ཀྱིས་གོ་ལ་ཧྲིལ་པོའི་མཐོ་གྲང་སྐྱེ་ཁམས་མ་ལག་གི་རིགས་རྣམ90%བཟོས་ཤིང་། ལུན་ཧུའུ་གསེར་ཐང་རི་བོའི་གནམ་དཔྱད་ལྟ་ཞིབ་ཞིབ་འཇུག་སྟེགས་བུས་སའི་གོ་ལ་ཕྱེད་ཤར་མའི་འཛམ་གླིང་རིམ་པའི་འོད་རིག་གནམ་དཔྱད་ལྟ་ཞིབ་སྟེགས་བུའི་སྟོང་ཆ་ཁ་གསབ་བྱས་ཡོད་པ་དང་། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ལྟ་ཞིབ་འཆར་གཞིའི་ཁོངས་མི་ཡིན་པའི་ཝ་ལི་ཀོན་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྨང་གཞི་ལྟ་ཞིབ་ས་ཚིགས་ཀྱིས་རྒྱལ་ནང་གི་རྒྱུན་མཐུད་དུས་ཡུན་རིང་ཤོས་ཀྱི་དྲོད་ཁང་རླུང་གཟུགས་གར་ཚད་གཞི་གྲངས་ཨང་རིམ་གསོག་འཇོག་བྱས་ཡོད། ས་གཞི་ཆེན་པོའི“གསང་གྲངས”དེ་ལྗང་མདོག་རྩིས་ཤུགས་འཕེལ་རྒྱས་ཀྱི“གསང་བའི་ལྡེ་མིག”ཏུ་འགྱུར་བཞིན་ཡོད་ལ། མཚོ་སྔོན་ནས་བྱུང་བ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་རྩིས་ཤུགས་བཀོལ་སྤྱོད་རྣམ་པ་གསར་རྐྱང་ཁག་གཅིག་མགྱོགས་མྱུར་ངང་སྐྱེད་སྲིང་བྱེད་བཞིན་ཡོད། འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས། ལྗང་མདོག་རྩིས་ནུས་ཀྱིས་ཐོན་ལས་མཐོ་རིམ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ལ་འདེགས་སྐྱོར་བྱེད་པའི་སྒུལ་ཤུགས་རྒྱུན་ཆད་མེད་པར་གློད་གྲོལ་བཏང་ཞིང་། ཐོན་ལས་ཀྱི“གནས་བཞི”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ཐོན་ལས་གྲངས་འཛིན་ཅན་དང་གྲངས་འཛིན་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

མཚོ་སྔོན་གྱིས“རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་གྱི“གནས་བཞི”གཙོ་གཞི་ཡིན་པའི་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཙུགས་ཏེ། ས་ཁོངས་གཅིག་གི་འོད་ཤུགས་ཀྱིས་ཁྱོན་ཡོངས་ལ་གཟི་བརྗིད་བསྣོན་པའི་རྣམ་པ་དང་མཐོང་རྒྱ་སྤྱད་དེ། སྐྱེ་ཁམས་སྔོན་ལ་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་དང་། བྱེད་ཐབས་གསར་པ། རྣམ་པ་གསར་པ་བཅས་བཏོད་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བར་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

འདི་ནི2024ལོའི་ཟླ11པའི་ཚེས8ཉིན་པར་བླངས་པའི་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་ཚོགས་སྒྲིལ་གྱི་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིའི་གཡང་འཁྱིལ་ཆུ་གློག་ས་ཚིགས་ཀྱི་ཟུར་ཞིག་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།