"རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དམིགས་བསལ་གསར་འགྱུར "ས་མཐོའི་ཐོན་ལས་ལ་དར་རྒྱས་བྱུང་ནས་སྡེ་མིའི་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཀླུ་མོ།

དཀོན་ལོ་གོང་མ་སྡེ་བ།

མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་ཕྱུག་པའི་ཡུལ་མིའི་སྡོད་ཁང་།    

སྤྱི་ཁྱབ་ཧྲུའུ་ཅི་ལ་སྙན་སེང་ཞུ་བ།

དཀོན་ལོ་གོང་མ་སྡེ་བའི་ཁྱད་ལྡན་ཐོན་ལས་དར་ཞིང་རྒྱས།

མཚོ་སྔོན་པོའི་བྱང་ངོགས་སུ། གཙང་ཞིང་དྭངས་བའི་འོམ་ཆུ་སོས་དལ་བག་ཕེབས་ངང་རྒྱུ་བཞིན་ཡོད་ཅིང་། དེ་ནི་གསེར་ཉ་ཚང་དུ་ལོག་པའི་ཚེ་སྲོག་གི་བགྲོད་ལམ་ཞིག་ཡིན་པ་མ་ཟད། མཚོ་འགྲམ་གྲོང་ཚོ་འཕེལ་རྒྱས་ཀྱི་དངོས་དཔང་ཞིག་ཀྱང་ཡིན། ཆུ་བོའི་འགྲམ་དུ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་ཕྱུག་པའི་ས་མཐོའི་གྲོང་ཚོ་ཆུང་ཆུང་ཞིག་སྟེ།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས་དབྱར་མཚོ་ལྟར་རྒྱས་པའི་གྲོང་གསེབ་དར་སྤེལ་དང་ཐུན་མོང་ཕྱུག་འགྱུར་གྱི་ལེའུ་གསར་པ་ཞིག་འབྲི་དང་འབྲི་མུས་སུ་མཆིས།

ས་མཐོའི་དཔྱིད་མགོར་གྲང་ངར་སྔར་བཞིན་ཆེ་མོད།    འོན་ཀྱང་། དཀོན་ལོ་གོང་མ་སྡེ་བའི་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིའི་ནང་དུ་ཚ་ལམ་ལམ་བྱེད།ལས་སྣོན་འཁོར་ཁང་ནང་བཟོ་པ་རྣམས་ཀྱིས་བྱང་ཆ་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཉོས་ཡོང་བའི་ཟོག་ལུག་བཤས་ནས་ལས་སྣོན་བྱེད་ཀྱིན་ཡོད།    དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་བཤད་རྒྱུར།“གྲོང་ཚོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དངོས་སྦྱོང་རྟེན་གཞི་འཁོར་སྐྱོད་བྱེད་འགོ་ཚུགས་རྗེས།    སྤུས་ལེགས་སྐམས་ཤ་དག་དངོས་སྦྱོང་རྟེན་གཞིའི་སྟེགས་བུའི་བརྒྱུད་མཚོ་སྔོན་ནས་ཞིང་ཆེན་ཕྱི་རུ་ཕྱིར་ཚོང་བྱེད་ཐུབ་ཡོད་པས།   ཚོང་ལམ་རྒྱ་ཆེར་ཕྱིན་ནས་སྡེ་མིའི་ཁེ་བཟང་མང་དུ་འགྲོ་སྲིད”ཟེར།

འབྲོག་པ་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཁེ་སྤོགས་དངོས་སུ་ལོངས་སྤྱོད་དང་གྲོང་གསེབ་དར་སྤེལ་གཏོང་བའི་ལས་འགན་ཆེན་པོ་འདི་ལེགས་པོར་བསྒྲུབ་རྒྱུ་ནི་བསོད་ནམས་ཚེ་བརྟན་གྱིས་ཉིན་མཚན་ཀུན་ལ་བསམ་བཞིན་པའི་གནད་དོན་ཞིག་རེད།     དེ་སྔ། ཕྱུགས་ལས་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་བཞིན་པའི་གྲོང་ཚོ་འདི་ནི།ད་ཆ“ཐོན་ལས་དར་སྤེལ་དང་། སྐྱེ་ཁམས་ཀྱི་མཛེས་པ།སྡེ་མི་ཕྱུག་འགྱུར”ཅེས་པའི་ལམ་ཆེན་སྟེང་བསྐྱོད་བཞིན་ཡོད་པས། བསོད་ནམས་ཚེ་བརྟན་རང་ཉིད་ཀྱི་ཕྲག་སྟེང་གི་འགན་འཁྲི་ཧ་ཅང་ལྕི།     

དེ་སྔའི་དཀོན་ལོ་གོང་མ་སྡེ་བར་མཚོན་ན།འགྲོ་འོང་དང་སློབ་གྲྭ།    སྨན་བཅོས་བཅས་ཀྱི་ཐད་ཧ་ཅང་སྟབས་བདེ་མིན།     དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་དུ། དཀོན་ལོ་གོང་མ་སྡེ་བས་འབྲོག་པར་གྲོང་ཚོ་གསར་པ་བཀོད་སྒྲིག་དང་ཉེན་ཡོད་ཁང་པ་སྒྱུར་བཀོད་ཀྱི་རྣམ་གྲངས་སོགས་དམངས་ཕན་སྲིད་ཇུས་བརྒྱུད་དེ།གྲོང་ཚོ་ཡོངས་སུ་ཆུ་གློག་ཤར་གཏོང་དང་་དྲོ་ཞིང་སྐྱིད་པའི་སྡོད་ཁང་གསར་པར་གནས་སྤོ་བྱས་ནས་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷག་བསམ་རྣམ་དག་གི་མངགས་བཅོལ་དེ་ནི་དཀོན་ལོ་གོང་མ་སྡེ་བ་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་གྱུར་ཡོད།དཀོན་ལོ་གོང་མ་སྡེ་བས་སྤྱི་ཚོགས་འགན་སྲུང་ལས་དོན་སོ་སོར་སྐུལ་འདེད་ཏན་ཏིག་བཏང་ནས་ལྷད་མེད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་དང་།    ས་ཁོངས་ཀྱི་རིག་གནས་འབུར་དུ་ཐོན་པ།    ས་ཁོངས་ཀྱི་ཁྱད་ཆོས་སྔོག་འདོན་བཅས་བྱས་ཏེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་དང་།   སྐྱེ་ཁམས་མཉམ་གཉེར་ཁང་།    ཁྱིམ་ཚང་ཕྱུགས་ར།   འབྲོག་ཁྱིམ་བཅས་གཉིས་ཕན་དང་ཡོང་འབབ་གཉིས་འཕར་གྱི་རྣམ་པ་གསར་པ་མངོན་འགྱུར་བྱུང་ཡོད།     འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པར་བརྟེན། དཀོན་ལོ་གོང་མ་སྡེ་བ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ”དང“ཀྲུང་གོའི་རབ་མཛེས་སྤྲོ་གསེང་གྲོང་ཚོ”“རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ།    ”“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།   

དཀོན་ལོ་གོང་མ་སྡེ་བ་རུ་བསྐྱོད་སྐབས།གྲོང་གསེབ་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་མིག་གི་དབང་བོ་ཅིག་ཅར་འཕྲོག་པར་བྱེད།མི་རིགས་གྲོང་ཚོར་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་ཕྱུག་པ་དང་ཚོང་ལས་ཁྲོམ་གཞུང་འཁྲུག་ཆ་དོད་ལ།    གུར་སྒར་དང་ཤིང་ཁང་ཆུང་ཆུང་གིས་ཡུལ་སྐོར་བར་དམིགས་བསལ་གྱི་ཞག་སྡོད་ཉམས་ལེན་མཁོ་འདོན་བྱས་ནས།ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་དངོས་སྦྱོང་རྟེན་གཞི་དང་དེང་རབས་ཚན་རྩལ་འདེབས་འཛུགས་གསོ་སྤེལ་རྟེན་གཞི་བཅས་དེང་རབས་ཞིང་ལས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།

གྲོང་ཚོའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་གཉེར་ཁང་ནང་དུ།ཚང་མས“གཅིག་གྱུར་དྲུག”གི་ཐོན་སྐྱེད་དོ་དམ་ཚད་གཞི་གཞིར་བཟུང་ནས་ལས་ལ་བྲེལ་བཞིན་ཡོད།     “གཅིག་གྱུར་དྲུག་ནི་གཅིག་གྱུར་གྱིས་རིགས་དབྱེ་དང་།    གཅིག་གྱུར་གྱིས་རྒྱུད་རྡེབ།གཅིག་གྱུར་གྱིས་འོ་མ་གཅོད་པ།    གཅིག་གྱུར་གྱིས་དོ་དམ།    གཅིག་གྱུར་གྱིས་གསོ་བ།གཅིག་གྱུར་གྱིས་ཕྱིར་འཚོང་བཅས་ལ་གོ    དེ་ལྟར་བྱས་ན་གསོ་སྤེལ་གྱི་ལས་ཕྱོད་ཆེ་རུ་འགྲོ་བ་དང་ཕྱུགས་རིགས་ཀྱི་སྤུས་ཚད་འགན་ལེན་བྱེད་ཐུབ།”ཅེས་གྲོང་ཚོའི་གསོ་སྤེལ་ཁང་ཆེན་པོའི་རྒྱུ་བདག་བཀྲ་ཤིས་ཀྱིས་ཕྱུགས་རིགས་དང་ལུག་ལ་གཟན་ཆསསྟེར་བཞིན་ངོ་སྤྲོད་བྱས།

སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་གཉེར་ཁང་གིས་གཅིག་སྡུད་གསོ་སྤེལ་བྱས་ནས་ཁྱིམ་ཚང་ཕྱུགས་ར་དང་འབྲོག་པ་རྣམས་ཀྱིས་ཚད་གཞི་ལྟར་ཁ་ཐོར་གསོ་སྤེལ་བྱས་པས། དཀོན་ལོ་གོང་མ་སྡེ་བ་རུ་སྣ་མང་ཅན་གྱི་གསོ་སྤེལ་རྣམ་པ་ཞིག་ཆགས་ཡོད།     བསོད་ནམས་ཚེ་བརྟན་གྱིས“ཐོན་ལས་སྐུལ་འདེད་ལས་དོན་རུ་ཁག+གྲོང་ཚོའི་མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་ལས་ཁང+རོང་འབྲོག་པའི་མཉམ་གཉེར་ཁང+ཁེ་ལས+ཁྱིམ་ཚང་ཕྱུགས་ར+འབྲོག་པ་བཅས་ཀྱི་རྣམ་པ་བརྒྱུད་དེ།གྲོང་ཚོ་ཡོངས་ཀྱིས་ད་དུང་མཉམ་ལས་ཁང6བཙུགས་ནས་རྩྭ་ར་མུའུ་ཁྲི6.43དང་ནོར་ལུག8625བསྡུ་སྒྲིལ་བྱས་ཏེ།མང་ཚོགས་ཁྱིམ་ཚང157ལ་ཕན་པ་ཐོབ་ནས་ལོ་རེའི་ཁེ་བཟང་སྒོར་ཁྲི140.5ལ་སླེབས་ཡོད།

གྲོང་ཚོའི་གློག་རྡུལ་ཚོང་དོན་ཐད་གཏོང་རྟེན་གཞི་རུ་ཕ་ཡུལ་དུ་ཕྱིར་ལོག་པའི་སློབ་ཆེན་སློབ་མ་ཚེ་རིང་གིས་བརྙན་མིག་བརྒྱུད་ནས་ཕ་ཡུལ་གྱི་ལུག་ཤ་དང་སྐམས་ཤའི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་ཡོད།    ཚེ་རིང་གིས་བཤད་རྒྱུར།“དེང་སང་དྲ་རྒྱ་དར་ཁྱབ་ཆེ་བས།    ང་ཚོས་ཐད་གཏོང་བརྒྱུད་གྲོང་ཚོའི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་འགྲེམས་སྤེལ་བྱས་ནས་མི་མང་པོ་ཞིག་ལ་རྩྭ་ཐང་གི་ཟས་མཆོག་ལ་མྱོང་རོལ་བྱེད་དུ་འཇུག་གིན་ཡོད”ཟེར།ད་སྔར།    གྲོང་ཚོའི་དངོས་པོ2000ལྷག་ཕྱིར་འཚོང་བྱས་ཟིན་པ་དང་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི18.8ལ་སླེབས་ཡོད།    ཕྱིར་འཚོང་བྱེད་སྟངས་ཐད། དཀོན་ལོ་གོང་མ་སྡེ་བས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཐད་གཉེར་ཚོང་ཁང་།    དྲ་རྒྱའི་ཕྱིར་འཚོང་།    ཚོང་ཟོག་མངག་ཐོ་མཁོ་འདོན་བཅས་སྣ་མང་ཅན་གྱི་རྣམ་པ་སྤྱད་པས་ཟོག་ལུག་གི་ཕྱིར་འཚོང་བྱེད་ཐབས་ལས་གཞན་ད་དུང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་དང་ཟུང་འབྲེལ་བྱས་ནས་རོང་འབྲོག་འཚོ་བའི་ཉམས་ལེན་དང་ཐོན་རྫས་འགྲེམ་འཚོང་ཟུང་འབྲེལ་དམ་ཟབ་ཐུབ་པ་རེད།    

བསོད་ནམས་ཚེ་བརྟན་གྱི་གྲོགས་ཚོམས་སུ། སྐད་ཆ་འདི་ལྟ་བུ་ཞིག་བཤད་ཡོད་དེ།“ད་ལྟའི་དཀོན་ལོ་གོང་མ་སྡེ་བ་རུ་ཕྱུགས་རིགས་ཁོ་ན་མ་གཏོགས་མེད་པ་མིན་ལ།གསར་བརྗེའི་ཞིབ་འཇུག་དང་།    ཁྱད་ཆོས་ལྡན་པའི་ཡུལ་སྐོར།    ཕན་ནུས་ཆེ་བའི་ཕྱུགས་རིགས་གསོ་སྤེལ།    སྦི་རག་བཟོ་གྲྭ།   ས་མེད་འདེབས་གསོ་ཁུལ།    ཕྱུགས་རིགས་དང་ཞོར་ལས་ཐོན་རྫས་ལས་སྣོན།    རིག་གནས་གསར་གཏོད་ཇུས་འགོད་གསར་སྤེལ་སོགས་ལས་རིགས་མང་པོ་མཉམ་དུ་མདུན་སྐྱོད་བྱེད་བཞིན་ཡོད་པས། ཁྱད་ཆོས་ལྡན་པའི་ཐོན་ལས་རེ་རེ་བཞིན་དར་རྒྱས་ཆེན་པོ་བྱུང་ཡོད།     ”

2024ལོར། དཀོན་ལོ་གོང་མ་སྡེ་བའི་ཐུན་མོང་དཔལ་འབྱོར་སྒོར་ཁྲི80ལྷག་ལ་སླེབས་པ་དང་།   དབུལ་སྒྲོལ་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར19817.5སླེབས་པ་དེ་ལོ་སྔོན་མ་ལས14.04%འཕར་ཡོད།     འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས། བསོད་ནམས་ཚེ་བརྟན་ཡིད་ཆེས་ཀྱིས་ཁེངས་ཡོད་ལ།  “དཀོན་ལོ་གོང་མ་སྡེ་བའི་ནོར་ལུག་ཤའི་སྤུས་རྟགས་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་།    ཐད་གཏོང་ཚོང་ཁང་།    ནོར་ལུག་ཤའི་ཞིབ་ཕྲའི་ལས་སྣོན་རྒྱུན་འཁོར།    ཐད་གཏོང་ཕྱིར་ཚོང་སོགས་ཀྱི་ལས་དོན་གཏིང་ཟབ་ཏུ་བཏང་སྟེ།    གྲོང་ཚོ་ཡོངས་ཀྱི་ནོར་ལུག་མགྱོགས་མྱུར་ངང་ཕྱིར་ཚོང་བྱེད་པར་སྐུལ་ཁྲིད་བྱས་ནས།    ནོར་ལུག་ཤ་སྤུས་རྟགས་ཅན་དང་ཕན་འབྲས་ཅན་གྱི་ཕྱིར་འཚོང་མངོན་འགྱུར་ལ་རྨང་གཞི་བརྟན་པོ་བཏིངས།   དེ་དང་ཆབས་ཅིགང་ཚོས་ད་དུང་ཞིང་ཕྱུགས་ཐོན་ལས་གསར་པ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་བརྟེན་ནས།གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་སྔར་ལས་ཁ་གསབ་བྱས་ནས་མི་སྔར་ལས་མང་བ་ཕྱུག་པོར་གྱུར་ནས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱ་རྒྱུ་ཡིན།     ”ཟེར།

གྲོང་ཚོའི་ནང་རིག་རྩལ་འཁྲབ་སྟོན་བྱས་ནས་གྲོང་མིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།  

འོམ་ཆུ་གྲོང་རྡལ་གྱི་ལྷད་མེད་ཞིང་ཕྱུགས་དང་རིག་གནས་གསར་གཏོད་ཐོན་རྫས་ངོ་སྤྲོད་ཚོགས་འདུ་སྐབས་དང་པོ་དཀོན་ལོ་གོང་མ་སྡེ་བ་རུ་འཚོགས།

མཛེས་པའི་ཀྲུང་གོའི་ང་ཡིས་བྱས་རྗེས་འཇོག

ཞིང་ཆེན་ཡོངས་ཀྱི་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ39.6%ལ་འཕར་བ།

ལོ་ཧྲིལ་པོར་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང3.4%འཕར་བ་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16715སླེབས་ནས་དུས་མཚུངས་ལས7.1%འཕར་ཡོད།    2024ལོར།མཚོ་སྔོན་གྱི་གྲོང་གསེབ་འཛུགས་སྐྲུན་བཅོས་སྐྱོང་ནུས་ལྡན་དང་ཕན་ནུས་ལྡན་པ།    གྲོང་གསེབ་འབྲོག་ཁུལ་གྱི་ཁོར་ཡུག་སྔར་ལས་འཆམ་མཐུན་དང་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་སྟེ།ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་ངོ་མཚར་ཆེ་བའི་ལན་ཞིག་སྤྲད་ཡོད།   

རི་བོ་ལྗང་ཁུས་གྲོང་ཁྱེར་གྱི་མཐའ་ནས་བསྐོར།  ཆུ་བོ་དྭངས་མོ་ཁྱིམ་ཚང་གི་འདབས་སུ་འབབ།    འདས་ཟིན་པའི་ལོ་གཅིག་གི་ནང་།རང་ཞིང་གིས“321”དཔེ་སྟོན་སྣེ་ཁྲིད་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ས་མཐོ་དང་རབ་མཛེས་གྲོང་གསེབ300དང་།    གྲོང་གསེབ་ཀྱི་ཐོན་ལས་དཔེ་སྟོན་གྲོང་ཚོ200།གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ100བཅས་འཛུགས་སྐྲུན་བྱས་ཏེ་གྲོང་གསེབ་སྤྱི་ཡོངས་ཀྱི་རིམ་སྤར་ལ་སྐུལ་འདེད་བཏང་ཡོད།    འཚོ་གནས་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་ཕྱིན་པ་དང་གྲོང་གསེབ་ཀྱི་ཁྱིམ་ཚང་གསང་སྤྱོད་ཁང་ཁྲི2.11གསར་དུ་བསྐྲུན་པ་དང་གནད་དོན་ཡོད་པའི་གསང་སྤྱོད་བཅོས་སྒྲིག་གི་ལས་འགན་ཚང་མ་ལེགས་འགྲུབ་བྱུང་ནས་གྲོང་གསེབ་ཀྱི་འཕྲོད་བསྟེན་གསང་སྤྱོད་ཁྱབ་གདལ་བྱེད་ཚད67.3%ལ་སླེབས་ཡོད།     གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་།    “ཁྱིམ་བཅུའི་འགོ་འཛིན”ལམ་ལུགས་དང་།    “ཆིངས་ཡིག་གསུམ་དང་ལམ་ལུགས་གཅིག”།“ལས་གནས་སྟོང་དང་སོ་ལྟ་ཁྲི་གཅིག”།“གྲོང་ཚོ་རིམ་པའི་དོན་གྲོས་གྲོས་མོལ”སོགས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་དང་དཔེ་མཚོན་གསར་པ་ཁྱབ་གདལ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།  

ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན།     2024ལོར།ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས“ཁྱད་ཆོས”དེ་ཐོན་ལས་འཕེལ་རྒྱས་ཀྱི་གལ་ཆེའི་གཞི་འཛིན་ས་ཞིག་ཏུ་བརྩིས་ཏེ།    སྣ་རིགས་སྤུས་ལེགས་གསོ་སྐྱོང་དང་སྤུས་ཚད་མཐོ་རུ་གཏོང་བ།    སྤུས་རྟགས་གཏོད་པ།    ཚན་རྩལ་ནུས་སྩོལ།    མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་ཐད་འབད་བརྩོན་གང་ལེགས་བྱས་ཏེ།    གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཐོན་ལས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་།    རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་གཏོད་པ།    ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་བ་བཅས་བྱས་ནས་ལྷད་མེད་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།     ཞིང་ཆེན་ཡོངས་ཀྱིས་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར93.7དོན་འཁྱོལ་བྱས་པ་དང་།    ཐོན་ལས་རྣམ་གྲངས1980ལག་བསྟར་བྱས་པས།    གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་།    ཞིང་ཆེན་ཡོངས་ཀྱི་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར12.7སླེབས་ནས་བརྒྱ་ཆའི39.6འཕར་ཡོད།   

2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཡིན་ལ།    དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པའི་ལོ་ལྔའི་བར་བརྒལ་དུས་སྐབས་ཀྱི་ལོ་མཐའ་མ་ཡང་ཡིན།   ཞིང་ཆེན་གྱིས་གཙོ་གནད་བཟོ་སྐྲུན་ཁག་ཅིག་ལག་བསྟར་བྱས་པ་བརྒྱུད་ཚད་གཞི་མཐོ་བའི་ས་ཞིང་དང་།    གཞི་ཁྱོན་ཅན་གྱི་འདེབས་གསོ།    ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ལས་སྣོན་རྟེན་གཞི།    ཞིང་ཕྱུགས་ལས་རིགས་ཞབས་ཞུའི་མ་ལག་སོགས་ཐོན་ལས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འཛུགས་རྒྱུ་རེད།     དེ་དང་ཆབས་ཅིགགྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་ལག་ལེན་དུ་བསྟར་བ་དང་།    ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤྲོ་གསེང་ལྟ་སྐོར་དང་།    ཞིང་ལས་ཉམས་ལེན་དང་།    རྩྭ་ཐང་གི་འབྲོག་པ།    གྲོང་གསེབ་འཛད་སྤྱོད་སོགས་ལས་རིགས་གསར་པ་དང་རྣམ་པ་གསར་པ་འཕེལ་རྒྱས་སུ་བཏང་སྟེ།    ཞིང་ལས་ཀྱི་ནུས་པ་སྣ་ཚོགས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་།    ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་སྐྱེད་བཏང་སྟེ།    “ཞིང་ལས་དང་ལུས་རྩལ།རིག་གནས།ཡུལ་སྐོར།ཚོང་ལས”བཅས་མཉམ་འདྲེས་འཕེལ་རྒྱས་བྱེད་ཚད་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ།    “གྲོང་གསེབ་དཔལ་འབྱོར”ལ་མུ་མཐུད་དུ་འོད་སྟོང་འཕྲོ་བར་བྱས་སོ།།

ཀླུ་མོས་བསྒྱུར།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།