སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ལྷ་བཟང་ཆོས་རྒྱལ་གཉིས་ཀྱིས་གླེང་མོལ་བྱེད་བཞིན་པ།
ལྷ་བཟང་ཆོས་རྒྱལ་གྱིས་ཁྱིམ་ལ་གད་བདར་བྱེད་བཞིན་པ།
“ཁྱིམ་ཚང་གི་ས་གྱང་གྱོ་རྩིགས་སུ་བསྒྱུར་ཡོད། ཤིང་སྒོ་ལྕགས་སྒོར་བརྗེས་ཡོད། སྒོ་ཁའི་ས་ལམ་ཐམས་ཅད་ཀྱང་སྣུམ་ལམ་དུ་བསྒྱུར་ཡོད། འདི་དག་ཐམས་ཅད་ཏང་དང་སྲིད་གཞུང་གིས་ང་ཚོར་བསྩལ་པའི་དགེ་མཚན་རེད། ”ལྷ་བཟང་ཆོས་རྒྱལ་ཀྱིས་བབ་ཆགས་ཀྱི་སྐད་ཆས་ལོ་འདི་འགའི་ཁོ་ཚོའི་སྡེ་བ་དང་རང་ཁྱིམ་གྱི་འགྱུར་ལྡོག་གླེང་བཞིན་ཡོད།
ཟླ2པའི་ཚེས25ཉིན། གཡུ་འབྲུག་འཁྱུག་འདྲའི་གཞུང་ལམ་བརྒྱུད་དེ“སུམ་མདོ་ཟམ་པ”བརྒྱུད་ན་ཁྱད་ཆོས་ལྡན་པའི་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་བོད་རིགས་ཞང“སུམ་མདོ་སྡེ་བ”མིག་ལམ་དུ་མངོན་ཡོང་། ལམ་འགྲམ་གཉིས་སུ་བཀྲག་མདངས་ལྡན་ཞིང་བོད་ཀྱི་ཁྱད་ཆོས་མངའ་བའི་གྱང་དམའ་མོ་དག་གྲལ་འགྲིག་པོས་བསྟར་ཡོད་ལ་ཆགས་དབྱིབས་ལེགས་པའི་སྡོད་དམངས་ཀྱི་གཞིས་ཁྱིམ་རེ་རེས་བོད་པའི་གྲོང་ཚོའི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་ཡོད།
སྡེ་མི་ལྷ་བཟང་ཆོས་རྒྱལ་ཚང་ལ་ཐོན་པ་ན། ཁྱིམ་ནང་ལ་དྲོད་ཀྱིས་ཁེངས་འདུག མདུན་ཅོག་སྟེང་དུ་རང་གིས་བཙོས་པའི་སྣུམ་གོར་བསྒྲིགས་ཡོད་ཅིང་ཁྱིམ་ལ་བདེ་སྐྱིད་ཀྱི་སྣང་བས་ཁྱབ་འདུག “སྔོན་ཆད་དགུན་ཁར་སླེབས་ཙམ་གྱིས་ཁྱིམ་ནས་ཤིན་ཏུ་འཁྱགས་མོད་ད་ལྟ་དེ་འདྲ་མིན། དགུན་གཞུང་ལའང་ཁྱིམ་ནས་དྲོས་ནས་རྔུལ་ཆུ་བཞུར་བར་བྱེད།”ལྷ་བཟང་ཆོས་རྒྱལ་གྱིས་ཐོད་པའི་རྔུལ་ཆུ་ཡང་མོར་འབྱིད་བཞིན་དགོད་འཛུམ་ངང་དེ་ལྟར་བཤད།
ལྷ་བཟང་ཆོས་རྒྱལ་བཟའ་མི་གསུམ་པོས་རྒྱུན་པར་ཕྱུགས་འཚོས་ནས་འཚོ་བ་རོལ་བཞིན་ཡོད་མོད། ཁོའི་ཆུང་མ་དང་བུ་ཆུང་དབང་པོ་སྐྱོན་ཅན་ཡིན་སྟབས། ཁྱིམ་ཚང་གི་ལས་འགན་ལྕི་མོ་ཁོ་རང་ཁོ་ནའི་ཕྲག་ཏུ་ལྷུང་ཞིང་འཚོ་བའི་དཀའ་སྡུག་གིས་མནན་བྱུང་། ལྷ་བཟང་ཆོས་རྒྱལ་གྱིས་ཕྱིར་དྲན་བྱེད་བཞིན་བཤད་རྒྱུར། “སྡེ་བའི་འགོ་ཁྲིད་ཀྱི་རོགས་རམ་འོག ང་རང་སྡེ་བའི་གད་བདར་པར་གྱུར་ལ་བུ་ཡང་སུམ་མདོ་ནགས་རའི་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཅིང་རང་ཁྱིམ་གྱི་ཐག་ཉེ་རུ་གཏན་འཇགས་ཀྱི་ལས་ཀ་རག་པས་དངོས་གནས་བཀའ་དྲིན་ཆེ། ”
“ལོ་འདི་འགར། ངེད་ཚང་ད་དུང་དམའ་སྲུང་ཁྱིམ་ཚང་དུ་ཚུད་པ་དང་ཟླ་རེར་སྒོར་ཆིག་སྟོང་ལྷག་གི་ཡོང་འབབ་ཡོད་པ་མ་ཟད། ད་དུང་སྡེ་བ་གཞན་གྱི་སྡེ་མི་དང་འདྲ་བར་སྲིད་གཞུང་གི་རྩྭ་སའི་ཁ་གསབ་དང་ཞིང་སའི་ཁ་གསབ་ལོངས་སུ་སྤྱོད་བཞིན་ཡོད། ལོ་གཅིག་ལ་ཡོང་འབབ་སྒོར་སུམ་ཁྲི་ལྷག་ཡོད། ”ལྷ་བཟང་ཆོས་རྒྱལ་དགོད་བཞིན་དེ་ལྟར་བཤད།
ལྷ་བཟང་ཆོས་རྒྱལ་གྱི་རྗེས་དེད་དེ་ལོགས་ཁང་དུ་སོང་བ་ན་ཁོས་ལག་པས་སྟོན་ཞོར་བཤད་རྒྱུར། “སྔོན་ཆད་འདི་ནི་ཕྱུགས་ཁང་ཞིག་ཡིན། རྗེས་ནས་ངས་ཁང་པ་ཡང་བསྐྱར་བསྒྱུར་བཀོད་ཞིག་གསོ་བྱས་ཏེ་ནང་ལ་མཛེས་བཟོ་བྱས་པས་ད་ལྟ་གྲལ་དག་ཅིང་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཡོད། ”
སུམ་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་སྐལ་བཟང་རབ་བརྟན་གྱིས་སྡེ་བའི་ལོ་མང་རིང་གི་འགྱུར་ལྡོག་རེ་རེ་མིག་གིས་འཚོས་ནས་ཡོང་བ་ཡིན། “སྔོན་ཆད་ཡིན་ན། སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་མིན་ཏེ་ཆུ་གློག་ལམ་གསུམ་སོགས་འཚོ་བའི་གཞི་རྩའི་དགོས་མཁོའང་སྐོང་ཐུབ་ཀྱིན་མེད།”
ཁོས་ཚོར་སྣང་ཟབ་མོས་ངང་བཤད་རྒྱུར“ད་ལྟ་ཏང་དང་སྲིད་གཞུང་གི་སྲིད་ཇུས་གཞོགས་འདེགས་འོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་དངོས་འབེབས་བྱས་ནས་ཆུ་ཐབ་ཀའི་འགྲམ་དུ་འཐེན་ཅིང་གློག་ཁྱིམ་ཚང་རེ་རེའི་ཁྱིམ་དུ་འཐེན། སྡེ་བའི་ལམ་དང་གཞུང་ལམ་གཙོ་བོ་ཐམས་ཅད་མཁྲེགས་ལམ་དུ་བསྒྱུར་ཡོད།”
“སྲིད་ཇུས་ཀྱི་ཕན་བདེ་ལོངས་སུ་སྤྱད་ནས་སྡེ་བའི་ནང་གི་གསོ་སྤེལ་ལས་རིགས་འཕེལ་རྒྱས་མྱུར་མོ་བྱུང་བ་དང་ད་ལྟ་སྡེ་བ་ཡོངས་ལ་གསོ་སྤེལ་ཁྱིམ་ཆེན་བཅུ་ལྷག་ཡོད།” སྡེ་བའི་ནང་གི་ཁྱིམ་ཚང་རེ་རེའི་གཏམ་རྒྱུད་བརྗོད་དུས་ལ་སྐལ་བཟང་རབ་བརྟན་ལ་བཤད་ཀྱིན་བཤད་ཀྱིན་སྤྲོ་བ་སྐྱེས་སོང་། “སྡེ་མི་རྡོ་རྗེ་ཚེ་བརྟན་ཚང་ལ་ཐོག་མར་ལུག་བཅུ་ཏག་ཏག་ལས་མེད་མོད། འོན་ཀྱང་ཐོན་ལས་དབུལ་སྐྱོར་དང་དངུལ་རྩའི་གཞོགས་འདེགས་ཀྱི་སྲིད་ཇུས་བཟང་པོར་བརྟེན་ཏེ་ལོ་ངོ་ལྔ་ཡི་འཕེལ་རྒྱས་དུས་ཡུན་ནང་དུ་གསོ་སྤེལ་ར་བའི་གཞི་ཁྱོན་དེ་ལུག་བརྒྱ་ལྷག་ལ་བསྐྱེད། ད་བར་ལུག་ཉིས་བརྒྱ་ལྷག་ལ་བུད་འདུག”
“ད་ལྟ་སྡེ་མི་མང་ཤོས་ཀྱིས་རླངས་འཁོར་ཉོས་ཡོད་ལ་འགའ་ཤས་ཀྱིས་རྫོང་མཁར་དུ་ཁང་པའང་ཉོས་ཡོད། དཔལ་འབྱོར་ཆ་རྐྱེན་དང་འཚོ་བའི་ཆུ་ཚད་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ”ལ་སྐལ་བཟང་རབ་བརྟན་གྱིས་དེ་ལྟར་བཤད།
སྡེ་མིའི་འཚོ་བ་ཉིན་བཞིན་འཕེལ་རྒྱས་བྱུང་བས་སྡེ་བའི་འཕེལ་རྒྱས་ལའང་གསོན་སྟོབས་རབ་ཏུ་རྒྱས། དེང་སྐབས། “དབུལ་ཕོངས་སྡེ་བའི”ཞྭ་མོ་སྔར་ནས་ཕུད་པ་དང་རང་བྱུང་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས་སུམ་མདོ་སྡེ་བའི་འཕེལ་རྒྱས་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་དམིགས་འབེན་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ལ་གཏད།
ལོ་རེའི་དབྱར་ཁར། སུམ་མདོ་སྡེ་བར་དྭངས་གཙང་ཆུ་མོ་ཤང་ཤང་བཞུར་ཅིང་སྟག་མའི་མེ་ཏོག་ལྷུག་གེར་བཞད་དེ། གནའ་བོའི་གྲོང་ཚོ་འདི་ལ་སྐྱེ་སྟོབས་དཔལ་གྱིས་ཕྱུག ལ་སྐལ་བཟང་རབ་བརྟན་གྱིས་བཤད་རྒྱུར། “2023ལོར། ང་ཚོས་ཡིག་ཐོག་སྙན་ཞུ་བྱས་པའི་སུམ་མདོ་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལྗོངས་ཁུལ་ལ་རྒྱལ་ཁབAAAརིམ་པའི་ལྗོངས་ཁུལ་དུ་ཆོག་མཆན་ཐོབ། སྲོལ་རྒྱུན་གྱི་འདེབས་འཛུགས་གསོ་སྤེལ་ལས་རིགས་ལས་གཞན་ད་དུང་རང་ཁྱིམ་གྱི་སྒོ་ཁར་སྐྱེ་ཁམས་ཡུལ་སྐོར་གྱི་ལས་སྒོ་སྤེལ་ཐུབ་པ་བྱུང་བས་སྡེ་མི་རྣམས་ཀྱི་འཚོ་བ་ཉིན་བཞིན་ཇེ་སྐྱིད་ནས་ཇེ་སྐྱིད་རེད།”
“ང་ཚོས་ཆ་རྐྱེན་འཛོམས་པའི་ཞིང་དུད་ལ་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དང་བསྲེགས་ཟས་སྒར་ས་སོགས་གཉེར་བར་སྐུལ་སློང་བྱས་པ་དང་། དུས་མཚུངས་སུ་སྡེ་མི་རྣམས་ལ་གཅིག་གྱུར་འཆར་འགོད་བྱས་པའི་གནས་སུ་སྐམས་ལུག་གི་ཤ་དང་ཕག་ཤ གོ་རེ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་པར་སྐུལ་མ་བྱས་ཏེ་ཡུལ་སྐོར་པའི་སྤྲོ་སྣང་མཐོར་འདེགས་དང་ཞིང་ཁྱིམ་གྱི་དཔལ་འབྱོར་ཕན་ནུས་མཐོར་འདེགས་ཡོང་བར་བྱས་པ་ཡིན། ”སུམ་མདོ་ཞང་རྩ་འཛུགས་ཨུ་ཡོན་ཚའེ་ཐིང་ཧུའེ་ཡིས་བཤད་རྒྱུར། ད་ལྟ་དོན་དམ་པས་ཕྱུག་འགྱུར་བྱུང་བའི་སྡེ་བ་སོ་སོའི་མང་ཚོགས་ཀྱིས་སེམས་གཏིང་ནས་ཏང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་དྲན་བཞིན་ཡོད།
ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་སྐྱེ་ཁམས་ཁྱད་ཆོས་ལ་རྐང་ཚུགས་ཏེ། སུམ་མདོ་སྡེ་བའི་ཐོན་ལས་འཕེལ་རྒྱས་ཡར་ནས་ཡར་ལ་རྒྱས་ཡོད། ཚའེ་ཐིང་ཧུའེ་ཡིས་བཤད་རྒྱུར། “སུམ་མདོ་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལྗོངས་ཁུལ་ལ་དམངས་སྲོལ་དང་གནས་རྙིང་གནའ་ཤུལ། ཞིང་སྡེའི་ལྡུམ་ར། སྐྱེ་དངོས་ལྗོངས་ཁམས་སོགས་གཅིག་ཏུ་འདུས་ཡོད། ང་ཚོས་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོབ་དང་སྟག་མའི་མེ་ཏོག་རྒྱ་མཚོའི་ལྟ་སྐོར། སོས་དལ་ཁམས་གསོ། དམངས་སྲོལ་རིག་གནས་མྱོང་རོལ་སོགས་ཁྱད་ཆོས་སུ་བཟུང་ནས་གོམ་གང་མདུན་སྤོས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་སྐྱེ་ཁམས་རིག་གནས་རྣམ་པའི་ཡུལ་སྐོར་དམིགས་ས་བསྐྲུན་པ་ལ་རི་ཆུ་ནགས་གསུམ་དང་སྤང་ལྗོངས་ས་ཞིང་ཐམས་ཅད་ཕྱུགས་འགྱུར་གྱི་གཏིང་ཤུགས་སུ་བསྒྱུར་དགོས།”
“ད་ལྟ། ལྗོངས་ཁུལ་གྱི་མིང་གྲགས་ཇེ་ཆེར་སོང་བ་དང་བསྟུན་ནས་ཡུལ་སྐོར་པའང་ཇེ་མང་ནས་ཇེ་མང་རེད། སུམ་མདོ་སྡེ་བ་དུས་བསྟུན་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ནས་རིག་གནས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་རིམ་བཞིན་མཐོར་འདེགས་བཏང་བ་དང་། ཡུལ་སྐོར་རྒྱས་དུས་ལ་སླེབས་པ་ན་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་ཚང་མར་སྐུལ་སློང་བྱས་ནས་སྡེ་བ་ཡོངས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་མུ་མཐུད་དུ་དར་ཞིང་རྒྱས་པར་བརྩོན་བཞིན་འདུག”ལ་སྐལ་བཟང་རབ་བརྟན་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད། །