ཟླ2པའི་ཚེས19ཉིན་ནས་ཚེས21ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཞང་ཀང་དུ་བརྗེ་རེས་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨོ་མིན་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱས་ལ། མཚོ་སྔོན་དང་ཞང་ཀང་གི་མཉམ་ལས་ཐད་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོ། ཚད་རིམ་ཟབ་མོས་རྒྱ་བསྐྱེད་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས་ས་གནས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ལེའུ་མུ་མཐུད་གསར་རྩོམ་བྱ་རྒྱུ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅ་ཁྲའོ། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲིན་ཡན་ཞུང་བཅས་ཀྱིས་སོ་སོར་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་བརྗེ་རེས་རྟོག་ཞིབ་ལ་ཞུགས།
ལེང་ཀྲིན་དབྱིན་གྱིས་བསྟན་དོན། ཉེ་བའི་ལོ་འདི་འགར། ཞང་ཀང་དང་མཚོ་སྔོན་ས་གནས་གཉིས་བར་གྱི་བརྗེ་རེས་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་བ་དང་། ལྷག་པར་ན་ནིང་ཟི་ལིང་ནས་ཞང་ཀང་བར་གྱི་ཐད་འཕུར་གནམ་གྲུ་སླར་གསོ་བྱས་པ་དང་བསྟུན་ནས། མཐོ་རིམ་ཕན་ཚུན་འཚམས་འདྲིར་བསྐྱོད་པ་སྔར་ལས་ཇེ་མང་དུ་སོང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བྱིན་ཡོད། ན་ནིང་གི་ཟླ9པར། མཚོ་སྔོན་གྱིས་ཞང་ཀང་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་བྱ་འགུལ་བདེ་ལེགས་ངང་སྤེལ་ཏེ། ས་གནས་གཉིས་བར་མཉམ་ལས་འདུ་ཤེས་རབ་དང་རིམ་པ་བྱུང་ཞིང་། མཉམ་ལས་ལས་གཞི་ཁག་ཅིག་དངོས་འབེབས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ་མ་ཟད་གྲུབ་འབྲས་གཡུར་དུ་ཟ་བ་ལོན་ནས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བར་རྨང་གཞི་བཏིངས་ཡོད། ཐེངས་འདིར་འཐུས་ཚབ་ཚོགས་པ་ཡང་བསྐྱར་ཞང་ཀང་དུ་སླེབས་པ་ལས། ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། ཞང་ཀང་དང་མཉམ་དུ་མཉམ་ལས་ཀྱི་ཇུས་གཞི་ཆེན་པོར་གྲོས་སྡུར་བྱས་ཤིང་། ས་གནས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་སྔར་ལས་གཏིང་ཟབ་ཏུ་གཏོང་བར་ཕན་ཡོད་ཀྱི་གོ་སྐབས་འདོན་སྤྲོད་བྱས་པ་མ་ཟད། ས་གནས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཐུབ། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ནན་མོ་བྱས་ཏེ། རང་སོ་སོའི་དགེ་མཚན་དགོས་མཁོ་དང་ཟུང་འབྲེལ་བྱེད་པ་དང་། སྔར་ལས་མང་བའི་མཉམ་ལས་བྱེད་གནས་འཚོལ་ཞིབ་བྱས་ནས། སྔར་ལས་དམ་ཟབ་དང་ཕྱོགས་ཡོངས་ཀྱི་བརྗེ་རེས་མཉམ་ལས་སྤེལ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད། ཞང་ཀང་གི་ལས་རིགས་སོ་སོས་དངུལ་རྩ་དང་ཉོ་ཚོང་། དངོས་ཟོང་འཁོར་རྒྱུག ཞབས་ཞུ་སོགས་ཕྱོགས་ཀྱི་ཁྱད་འཕགས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། མུ་མཐུད་དུ་མཚོ་སྔོན་བར་གྱི་ཉོ་ཚོང་འགྲོ་འོང་དང་ཐོན་ལས་སྦྲེལ་མཐུད། ཞིབ་བཤེར་ཁས་ལེན། རིག་གནས་ཡུལ་སྐོར། ཚོང་རྟགས་འོས་སྦྱོར་སོགས་ཕྱོགས་ཀྱི་སྦྲེལ་མཐུན་མཉམ་ལས་ལ་ཤུགས་བསྣན་ཏེ། མཚོ་སྔོན་གྱི་སྤུས་ལེགས་དངོས་པོ་སྔར་ལས་མང་པོ་ཞང་ཀང་དུ་དྲངས་ནས་སྔར་ལས་རྒྱ་ཆེ་བའི་ཚོང་རར་ཐོན་ཐུབ་པར་རོགས་བྱེད་པ་དང་། མཉམ་ལས་འཕེལ་རྒྱས་ཁྲོད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་དགོས་ཟེར།
ལིས་ཅ་ཁྲའོ་ཡིས་ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་ཞང་ཀང་དུ་ཡོང་ནས་མཚོ་སྔོན་དང་ཞང་ཀང་བར་གྱི་དཔལ་འབྱོར་ཉོ་ཚོང་གི་བརྗེ་རེས་མཉམ་ལས་ཀྱི་བྱ་འགུལ་སྤེལ་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཧ་ཅང་ཟབ་མོ་ཡིན་ལ། མཉམ་ལས་བར་སྟོང་ཧ་ཅང་རྒྱ་ཆེ་བས། མཚོ་སྔོན་གྱི་ཆེས་ཆེ་བའི་མངའ་ཁོངས་ཕྱིའི་དངུལ་གཏོང་ཡོངས་ཁུངས་ས་གནས་ཡིན་པའི་ཆ་ནས། ཞང་ཀང་གིས་ཕྱི་ནང་མཉམ་འབྲེལ་གྱི་དགེ་མཚན་མུ་མཐུད་དུ་འདོན་སྤེལ་བྱེད་ཅིང་། མཚོ་སྔོན་དང་ལག་རྡང་མཉམ་སྦྲེལ་དང་གཉིས་ཕན་མཉམ་རྒྱལ་བྱེད་རྒྱུ་ཡིན། ན་ནིང་ཞང་ཀང་གི་ན་གཞོན་བརྒྱ་ལས་བརྒལ་བ་མཚོ་སྔོན་ཞིང་ཆེན་དུ་སོང་ནས་རྟོག་ཞིབ་དང་བརྗེ་རེས་བྱས་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ན་གཞོན་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ལ། ཞང་ཀང་གི་ན་གཞོན་ནང་ལོག་ས་ཁུལ་དུ་སོང་ནས་བརྗེ་རེས་དང་སློབ་སྦྱོང་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་པར་བརྟེན། རྒྱལ་ཁབ་འཕེལ་རྒྱས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། མ་འོངས་པར་ས་གནས་གཉིས་ནས་ན་གཞོན་མང་པོའི་བརྗེ་རེས་བྱ་འགུལ་སྤེལ་ཐུབ་པའི་རེ་ལྟོས་ཆེ་ཞིང་། ས་གནས་གཉིས་ཀྱི་ན་གཞོན་བར་མཛའ་བརྩེ་འབྲེལ་ཟམ་འཛུགས་པ་དང་མཐོང་རྒྱ་ཡངས་པོར་བསྐྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དེ་ནང་ལོག་ས་ཁུལ་ཞང་ཀང་དང་ཨོ་མིན་དུ་བསྐྱོད་པའི་སྒེར་ལམ་ཡུལ་སྐོར་གྱི་གྲོང་ཁྱེར་གྲས་སུ་གྱུར་པ་དང་། ཟི་ལིང་དང་ཞང་ཀང་བར་གྱི་ཐད་འཕུར་གནམ་གྲུའི་ལམ་ཐིག་ཡང་བསྐྱུར་མགོ་བརྩམས་པར་བསྟུན་ནས། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་མི་གཞུང་བརྗེ་རེས་ཐད་སྔར་ལས་སྐུལ་འདེད་གཏོང་ཐུབ་ཡོད། ཞང་ཀང་གིས་མུ་མཐུད་དུ་མཚོ་སྔོན་བར་གྱི་དཔལ་འབྱོར་ཉོ་ཚོང་དང་། རིག་གནས་ཡུལ་སྐོར། ན་གཞོན་འཕེལ་རྒྱས་སོགས་ཕྱོགས་མང་བོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཉམ་དུ་རྒྱལ་ཁབ་འཕེལ་རྒྱས་ཐད་སྔར་ལས་མང་བའི་བྱས་རྗེས་འཇོག་རྒྱུ་ཡིན།
ཀྲིན་ཡན་ཞུང་གིས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དངོས་འབེབས་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གྲུབ་འབྲས་མི་དམན་པ་བླངས་པར་དགའ་སྤྲོ་སྐྱེས་ཡོད། ཁོས་བཤད་རྒྱུར། མཚོ་སྔོན་དེ་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་དང་། ཀྲུང་ཧྭའི་ཆུ་མཛོད་ཡིན་པའི་ཆ་ནས། སྤུས་ལེགས་ཡིད་འོང་གི་སྐྱེ་ཁམས་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས། ཁྱད་འཕགས་ཀྱི་འཕེལ་རྒྱས་དགེ་མཚན་ལྡན་པས། ཞང་ཀང་བར་གྱི་དཔལ་འབྱོར་ཉོ་ཚོང་དང་། མི་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་བར་སྟོང་ཧ་ཅང་རྒྱ་ཆེ་བ་ཞིག་རེད། ཐེངས་འདིའི་བྱ་འགུལ་ལས་ས་གནས་གཉིས་ཀྱི་བར་ཐག་སྔར་ལས་ཉེ་བར་བྱེད་ཅིང་། ས་གནས་གཉིས་ཀྱི་མཉམ་ལས་དང་བརྗེ་རེས་ཇེ་ཟབ་ཏུ་གཏོང་ཐུབ། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། འབྲེལ་གཏུག་ཞབས་ཞུའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པར་མ་ཟད། ནུས་ཤུགས་ཡོད་དགུ་བཏོན་ནས་ཞང་ཀང་དང་མཚོ་སྔོན་བར་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་མང་ཞིང་། ཐོན་ལས་མཉམ་ལས་དང་རིག་གནས་ཡུལ་སྐོར་བརྗེ་རེས། འཇོན་མིའི་སློབ་གསོ་སོགས་ཕྱོགས་ཀྱི་ལས་དོན་སྤེལ་བར་སྟེགས་བུ་བཟང་པོ་ཞིག་བསྐྲུན་ཏེ། ཞང་ཀང་སྔར་ལས་ལྷག་པར་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་པར་སྔར་ལས་མང་བའི་སྟོབས་ཤུགས་སྣོན་འདོད་ཡོད།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་མངགས་བཅོལ་ལྟར། ལའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཐུགས་ཁུར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ལོའུ་ཏུན་ཁྲོན་གྱིས་བཤད་རྒྱུར། མཚོ་སྔོན་ཀྲུང་ཧྭའི་ཆུ་མཛོད་དང་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཡིན་པའི་ཆ་ནས། སྐྱེ་ཁམས་ཐོན་ཁུངས་ཀྱི་བང་མཛོད་ལྟ་བུ་དང་ལྷག་ཏུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་གནས་གཙོ་བོ་ཡིན། ཞང་ཀང་གིས་མེས་རྒྱལ་ལ་རྒྱབ་བརྟེན་ནས་འཛམ་གླིང་ལ་འབྲེལ་འདྲིས་བྱས་ཤིང་། རྩེ་རིམ་འབྲེལ་གཏུག་པ་དང་རྩེ་རིམ་འཕར་སྣོན་པའི་ངེས་གནས་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་པས། མཚོ་སྔོན་འཛམ་གླིང་དུ་བསྐྱོད་པའི་སྒེའུ་ཁུང་དང་སྟེགས་བུ་གལ་ཆེན་ཞིག་ཡིན། ན་ནིང་གི་ཚུན་དུ། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བྱིན་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རླབས་ཆེན་འཆར་འགོད་ཀྱི་ཁ་ཕྱོགས་དེད་ནས་དཔའ་སྐྱེད་མདུན་སྐྱོད་བྱེད་བཞིན་ཡོད་ཅིང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་པ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་བསྐྲུན་པར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལག་ལེན་གྱིས་གོམ་སྟབས་བརྟན་པོ་གསར་དུ་སྤོས་ཡོད། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱིས་རྒྱུན་རྣམ་ཅན་གྱི་བརྗེ་རེས་མཉམ་ལས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་རྒྱུན་མཐུན་སྒོས་ཤུགས་སྣོན་དང་། ཞང་ཀང་གི་ཁེ་ལས་མང་པོས་མཚོ་སྔོན་ལ་དོ་སྣང་དང་། མཚོ་སྔོན་ལ་དངུལ་གཏོང་བྱེད་པར་སྐུལ་འདེད་གཏོང་བ། བརྗེ་རེས་མཉམ་ལས་ཀྱི་རྣམ་པ་གསར་བ་མྱུར་དུ་གྲུབ་པར་བྱེད་པ། ས་གནས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཐད་ལག་རྡང་མཉམ་སྦྲེལ་གྱི་སྒོ་ནས་སྔར་ལས་མང་བའི་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཟེར།
ཞང་ཀང་དུ་ཡོད་པའི་སྐབས་སུ་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ཞིང་ཆེན་རིམ་པའི་སྲིད་གྲོས་ཨུ་ཡོན་འབྲེལ་གཏུག་མཛའ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཆིན་ཏུང་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ཞིང་ཆེན་རིམ་པའི་སྲིད་གྲོས་ཨུ་ཡོན་འབྲེལ་གཏུག་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧའོ་ཆིས་ཧྲན་བཅས་ལ་ཐུག་འཕྲད་བྱས་ཤིང་། ཞང་ཀང་དང་ཨོ་མིན་གྱི་མཚོ་སྔོན་གྱི་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་བྱས་པ་དང་། ཞང་ཀང་མཁའ་འགྲུལ་ཚད་ཚད་ཡོད་ཀུང་སི་དང་། ཀྲུང་ཞིན་ཐེ་ཧྥུའུ་ཏ་ཁྲང་ཞིན་སྡེ་ཚོགས། ཞང་ཀང་ཀྲུང་ཧྭ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞང་ཀང་ཧྥུའུ་ཅན་སྤྱི་ཚོགས་སྡེ་ཚོགས་མཉམ་འབྲེལ་ལྷན་ཚོགས་དང་ཧྥུའུ་ཅན་ཚོང་ཚོགས། ཞང་ཀང་ཀྲུང་དབྱིན་སྡེ་ཚོགས། ཞང་ཀང་ཀྲུའུ་ལོའུ་སྡེ་ཚོགས། ཚོང་འགུག་ཅུའུ་སྡེ་ཚགས། ཧྭ་རོན་སྡེ་ཚོགས། ཞང་ཀང་ཚན་རིག་གླིང་སོགས་སུ་བསྐྱོད་དེ། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ཐད་ནས་བཞུགས་མོལ་བརྗེ་རེས་བྱས་ཤིང་ཐུན་མོང་ངོས་འཛིན་རབ་དང་རིམ་པ་བྱུང་།
ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་བརྗེ་རེས་རྟོག་ཞིབ་ལ་ཞུགས།