ཟླ2པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་སྤྱིར་བཏང་གི་ཏང་ཡོན་གྱི་ངོས་ནས་རང་ཉིད་གནས་སའི་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་ཕྱོགས་བསྡུས་ཁྲུའུ་དང་པོའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་གྲོས་ཚོགས་སུ་ཞུགས་པ་དང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་གཞུང་སྒྲུབ་ཐིན་གྱི་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཏང་གི་གཞུང་སྒྲུབ་བྱ་བ་ལེགས་པོར་སྒྲུབ་པའི་གཞི་རྩའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཚད་འཛིན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་ཆབ་སྲིད་ཀྱི་ཁག་ཁུར་ཤུགས་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་དངོས་འབེབས་བྱེད་དགོས་ཤིང་། འགན་འཁྲི་ལྕི་མོ་ཐེག་ཐུབ་པའི་ཕུལ་བྱུང་ཏང་སྒྲུབ་བྱ་བའི་ལས་བྱེད་པ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་ཕྱོགས་བསྡུས་ཁྲུའུ་དང་པོའི་ཏང་ཀྲི་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ཀྱི་དག་ཐེར་དངོས་འབེབས་དང་ཐེངས་འདིའི་བསམ་ཚུལ་བསྡུ་ལེན་གནས་ཚུལ་ཡིག་ཐོག་ནས་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་ཕྱོགས་བསྡུས་ཁྲུའུ་དང་པོའི་ཏང་ཀྲི་པུའུ་ཡི་འགན་ཁུར་བློ་མཐུན་གྱི་ཀྲི་པུའུ་ཚན་ཁག་གི་ཚབ་བྱས་ཏེ་ཞིབ་བསྡུར་དཔྱད་ཞིབ་བྱས་ཤིང་། དེར་མཐུད་ནས་ཀྲི་པུའུ་ཏང་ཡོན་གྱིས་གཏམ་བཤད་དེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།
ཚང་མས་གཏམ་བཤད་པར་ནན་ཏན་གྱིས་ཉན་རྗེས། ཝུའུ་ཞའོ་ཅུན་གྱིས་ཚང་མའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཏང་ཀྲི་པུའུ་ཡི་ཁོངས་མིར་རང་ཉིད་ཀྱི་བྱ་བའི་ཉམས་མྱོང་དང་། སློབ་སྦྱོང་གི་ཐོབ་སྣང་། མི་ཚེའི་མྱོང་བ་བཅས་མཉམ་སྤྱོད་བྱས། ཁོས་རང་གཅུན་ནི་མི་ཞིག་གི་ཆེས་ལེགས་པའི་གཤིས་སྤྱོད་ཅིག་ཡིན་ལ། མི་ཞིག་ལ་ཆེས་ཕན་ཐོགས་ཡོད་པའང་དེ་ཡིན། འཚོ་བ་དལ་ལྷོད་རན་པར་རོལ་བ་དང་། བྱ་བ་ཞིབ་ཚགས་དང་ནན་མོར་སྒྲུབ་རྒྱུ་ནི་ཆེས་དོན་སྙིང་ཡོད་པའི་མི་ཚེ་ཡིན། ཚང་མར་ཐོབ་ཤོར་རན་པར་ལེན་པ་དང་། སློབ་པ་དང་སྤྱོད་པ་མཉམ་འདྲེས་ཡོང་བར་བྱེད་པ་དང་སྐྱིད་སྡུག་བརྗེ་སྒྱུར་ལེགས་པོ་བྱས་ཏེ། འབད་པ་ཆེན་པོས་ཕུལ་བྱུང་ཏང་སྒྲུབ་ལས་བྱེད་པ་ཞིག་ཏུ་འགྱུར་བར་བྱས་ནས། མཚོ་སྔོན་གྱི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།
ཝུའུ་ཞའོ་ཅུན་གྱིས་ཏང་སྒྲུབ་ལས་བྱེད་པས་བློ་རྩ་བརྟན་པོས་ཆབ་སྲིད་གླེང་བ་དང་། ཏང་ལ་བློ་དཀར་གཞུང་དྲང་བྱེད་རྒྱུ་དེ་ལུས་སེམས་ཀྱི་རྟེན་ས་རུ་བྱས་ནས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ལ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་འགོག་ར་དང་པོ་ལེགས་པོར་འཁྱོངས་པར་བྱེད་དགོས། སློབ་སྦྱོང་བྱེད་པ་ཐོག་མཐའ་བར་གསུམ་དུ་གོ་གནས་གལ་ཆེན་ཞིག་ཏུ་བརྩིས་ཏེ། སློབ་སྦྱོང་བྱེད་པ་དེ་རྒྱུན་ལྡན་དུ་འགྱུར་བར་བྱེད་པ་དང་། དེ་འཚོ་བ་རོལ་སྟངས་ཤིག་ཏུ་འགྱུར་བར་བྱེད་དགོས་ལ། སྤྱོད་གོ་ཆོད་པའི་སློབ་སྦྱོང་གི་བྱེད་ཐབས་སྤྱོད་མཁས་བྱེད་དགོས་པ་དང་། གཞུང་ལུགས་གསར་བ་དང་སྲིད་ཇུས་གསར་བ། ཤེས་བྱ་གསར་བ། ལག་རྩལ་གསར་བ་བཅས་སློབ་མཁས་པར་བྱེད་དགོས་ཤིང་། སློབ་སྦྱོང་ལ་བརྟེན་ནས་ཆོས་ཉིད་ཁོང་དུ་ཆུད་མཁས་བྱེད་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བའི་བསམ་གཞིགས་ལ་བསྒྱུར་ནས་ཞབས་ཞུ་གསུམ་གྱི་བྱ་བའི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏོང་དགོས། བྱ་བའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་སྟེ། བརྟག་དཔྱད་ཞིབ་འཇུག་དངོས་སུ་ཤུགས་དྲག་ཏུ་གཏོང་བ་དང་། བཅོས་སྒྱུར་གསར་གཏོད་ཀྱི་འཇོན་ནུས་བསྐྱེད་པ། གཞི་རིམ་ལས་ཡུལ་དང་པོར་ཐེངས་མང་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་དང་གནད་དོན་འཚོལ་ཞིབ་བྱས་ཏེ། བྱ་བའི་ཁྲོད་གྲུབ་པའི་བསམ་ཕྱོགས་གསར་བ་དང་རྣམ་པ་གསར་པ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་འགྱུར་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བྱེད་ཕྱོགས་བཟང་པོ་བཏོན་ཏེ། བདེན་འཚོལ་དངོས་གཉེར་དང་དཀའ་སྤྱད་དངོས་སྒྲུབ། ཞིབ་ཚགས་དམ་ཟབ་དང་འགན་འཁྲི་མཐའ་འཁྱོལ་བྱས་ནས། རྣམ་འགྱུར་ཆེས་ལེགས་པོ་བཟུང་སྟེ་བྱ་བའི་ལས་འགན་རེ་རེ་ལེགས་འགྲུབ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། མི་ཚེའི་སྒྲོག་གུ་དང་པོ་དམ་པོར་སྒྲོག་པ་དང་། བདེ་ཐང་འཚོ་བའི་ཉམས་སྣང་གསོ་སྐྱོང་བྱེད་པར་དོ་སྣང་དང་། རང་འགུལ་སྒོས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཚོམས་དང་འཚོ་བའི་ཚོམས། གྲོགས་པོའི་ཚོམས་བཅས་གཙང་སེལ་བྱས་ནས་གཟབ་ནན་ཞིབ་ཚགས་སུ་འགྱུར་བར་བྱས་ཏེ། རང་གཅུན་དང་བློ་རྩ་བརྟན་པོའི་སྒོ་ནས་བཀྲག་མདངས་འཚེར་བའི་མི་ཚེའི་ལེའུ་འབྲི་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཐིན་དུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཚུང་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།