མཚོ་སྔོན་ཞིང་ཆེན་གྱིས2025ལོའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་ཇ་སྟོན་ཚོགས་འདུ་བསྡུས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས2025ལོའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་ཇ་སྟོན་ཚོགས་འདུ་ཞིང་ཆེན་གནས་སའི་ཟི་ལིང་གྲོང་ཁྱེར་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཡིས་ཇ་སྟོན་ཚོགས་འདུར་ཤིས་ཚིག་ཕུལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥུན་ཁྲོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞུ་གཞོན་པ་རིན་ཆེན་རྣམ་རྒྱལ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་ཕུན་ཡུའུ་ཏུང་དང་བློ་མཐུན་རྒན་པ་པད་མ། སྟག་འབུམ་ཐར་བཅས་ཚོགས་འདུར་ཞུགས། 

པད་གོ་ཡིས་ཐོག་མར་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཡོངས་ལ་དུས་ཆེན་ལ་འཚམས་འདྲི་དང་རྟེན་འབྲེལ་ཞུས། ཁོང་གིས2024ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་ཏེ། སྐུ་དངོས་ཀྱིས་དེང་རབས་ཅན་གྱི་རབ་མཛེས་མཚོ་སྔོན་འཛུགས་སྐྲུན་ལ་འཆར་འགོད་འཐེན་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་ཡིད་ཆེས་ཀྱིས་ཁེངས་བར་གྱུར། ལོ་ངོ་གཅིག་གི་རིང་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པའི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་བླང་བྱ་གལ་ཆེན་ཏན་ཏན་ཏིག་ཏིག་ངང་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛིན་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནན་ཏན་གྱིས་སྐུལ་འདེད་བཏང་། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་སྔར་ལས་ལྷག་པའི་སྒོ་ནས་དྲན་པ་དང་། མེས་རྒྱལ་གྱི་བཀའ་དྲིན་སྔར་བས་དྲན་པ། དུས་རབས་གསར་བའི་བཀའ་དྲིན་སྔར་བས་དྲན་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་དུ་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཏེ“ཆོད་སེམས་བརྟན་པོ་དང་འབད་འབུངས་ཡར་བརྩོན། སྒོ་འབྱེད་གསར་གཏོད། ལས་སྒྲུབ་སྔོན་བརྩོན “བཅས་ཀྱི་འབོད་སྐུལ་བསྒྲགས་ཟིན་པས། ང་ཚོས་སྔར་བས་མཐུན་སྒྲིལ་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐར་སྐོར་དུ་དམ་འབྲེལ་བྱས་ནས། མཐུན་སྒྲིལ་འབད་བརྩོན་དང་། འབད་འབུངས་ཡར་བརྩོན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བྲི་བར་སྔར་ལས་ལྷག་པའི་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བསྟན།                        

ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་བློ་མཐུན་འགན་ཁུར་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཐུན་མོང་། དཔེ་སྟོན་མི་སྒེར་གྱི་འཐུས་ཚབ། ཞིང་ཆེན་གྱི་བོད་རིགས་ཆེད་མཁས་པ། མཁས་དབང་། བཟོ་ཚོང་ལས་རིགས་ཁག་གི་འཐུས་མི། གཞི་རིམ་ལས་བྱེད་པའི་འཐུས་མི། ཆོས་ལུགས་ལས་རིགས་ཁག་གི་འཐུས་མི་བཅས་ཞུགས་ཡོད། རིག་རྩལ་ལས་དོན་པས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་གྱ་ནོམ་པ་འཁྲབ་སྟོན་བྱས། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།