ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་བཞུགས་མོལ་གནང་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 

 ཟླ2པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་བཞུགས་མོལ་གནང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལྟར། ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་སྟོབས་པའི་འཐབ་ཇུས་དམིགས་འབེན་ལ་དམིགས་པར་གཡོ་འགུལ་མི་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་སྔོན་འགྲོར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྣེ་ཁྲིད་དུ་འཛིན་པ། རང་སའི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་ཏུ་སྐྲུན་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་གདུང་མ་ཆེན་པོ་འདེམ་པ་དང་སྔོན་སྐྱོད་ལ་བརྩོན་ཕོད་པར་བྱས་ཏེ། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་ཁག་ཁུར་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

དཔྱིད་ཀྱི་ཁ་བ་ལྷབ་ལྷེབ་འབབ། སྐྱེ་དངོས་ཚོགས་ལ་གསོན་ཤུགས་རྒྱས། ཟི་ལིང་གྲོང་ཁྱེར་གྱི་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་གཙོ་གནད་ཡིན་པའི་ཆ་ནས། ཟི་ལིང་གི་རྣམ་པ་གསར་པ་མངོན་པའི་ཐོན་ལས་གླིང་ནི་ཚ་ཚ་འུར་འུར་གྱི་ལག་བསྟར་འཛུགས་སྐྲུན་བྱེད་བཞིན་ཡོད། ཝུའུ་ཞའོ་ཅུན་གྱིས་ཐོན་ལས་གླིང་འཛུགས་སྐྲུན་དང་མ་འོངས་པའི་བཀོད་སྒྲིག་གནས་ཚུལ་གསན་རྗེས། ལས་གཞི་འདིའི་འཛུགས་སྐྲུན་གྱི་འགྲོས་མགྱོགས་པའི་མངོན་ཚུལ་ལ་གདེང་འཇོག་གང་ལེགས་མཛད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། ཐོན་ལས་ཕྲེང་འབྲེལ་གྱི་མཐའ་སྐྱེད་པ་དང་ཁ་གསབ་པ། སྟོབས་སྐྱེད་པའི་ལས་ཀ་ལེགས་པར་བསྒྲུབས་ནས། ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྒྱ་མུ་མཐུད་དུ་སྟོབས་ཆེར་བསྐྱེད་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་རྩིས་སྔོན་པོ་གཞི་གྲངས་མཆན་འགོད་རྟེན་གཞི་དང་མཚོ་སྔོན་ཁུ་ནུ་མི་ཐབས་རིག་ནུས་རྩིས་ནུས་ལྟེ་གནས་ནི་ཟི་ལིང་དུ་གསར་དུ་བཙུགས་པའི་མཐོ་གསར་ལག་རྩལ་ལས་གཞི་ཞིག་ཡིན། ཝུའུ་ཞའོ་ཅུན་གྱིས་གཞི་གྲངས་སྡུད་པའི་མཆན་འགོད་དང་གྲངས་འཛིན་ནུས་སྩོལ་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་ནས། ལྗང་མདོག་རྩིས་ནུས་ཐོན་ལས་ནི་ཡུལ་བསྟུན་ཇུས་བསྟར་གྱིས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་འཕེལ་རྒྱས་གཏོང་བའི་གནད་འགག་གི་གཞི་འཛིན་ས་དང་མ་འོངས་འཕེལ་རྒྱས་ཀྱི་འཕེལ་གནས་གལ་ཆེན་དུ་འཛིན་པ་དང་། ཐོན་ཁུངས་ནུས་ཁུངས་དགེ་མཚན་སྔར་ལས་ལེགས་པར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་བསྒྱུར་དགོས་ཞེས་ནན་གྱིས་བསྟན། ཟི་ལིང་གི་གྲོང་ཁྱེར་འགྲེམ་སྟོན་ལྟེ་གནས་སུ་ཕེབས་ནས། ཝུའུ་ཞའོ་ཅུན་གྱིས་ཕེབས་ཞོར་དང་གསན་ཞོར་སྒོས། ཟི་ལིང་གི་ལོ་རྒྱུས་རིག་གནས་དང་བར་སྟོང་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ནས། འགྲེམ་སྟོན་ལྟེ་གནས་ཀྱི་སྒེའུ་ཁུང་ནུས་པ་སྔར་ལས་ལྷག་པར་བཏོན་ཏེ། དེང་རབས་རབ་མཛེས་བདེ་སྐྱིད་ལྡན་པའི་ཟི་ལིང་གི་རིས་ལྗོངས་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུའི་ཐོག ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་རྗེས། ཟི་ལིང་གྲོང་ཁྱེར་ཀྱི་ལས་དོན་སོ་སོར་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་མཛད། ཁོང་གིས་དུས་རབས་གསར་པའི་བགྲོད་ལམ་གསར་པའི་ཐོག ཟི་ལིང་ནི་ཐོན་ལས་སྟོབས་པ་དང་ཞབས་ཞུ་སྟོབས་པ། བྱེད་ནུས་སྟོབས་པ། གསར་གཏོད་སྟོབས་པའི་ནང་བཅུད་ལྡན་པའི་གོང་འཕེལ་ལམ་དུ་བློ་བརྟན་པོས་བསྐྱོད་དེ། གྲོང་ཁྱེར་ནུས་རིམ་དང་སྲོག་ཤིང་འགྲན་རྩོད་ནུས་པ་ངེས་པ་དོན་གྱིས་མཐོར་འདེགས་དགོས། འདྲེས་སྦྱོར་གྱི་ལས་ཀ་ལེགས་པར་སྒྲུབ་པ་དང་། ཐོན་ལས་ཀྱི་གྲོང་ཁྱེར་སྐྲུན་པ། བཟོ་ལས་ཐོན་ལས་མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་ཁ་ཕྱོགས་སུ་ཚུལ་སྒྱུར་བྱེད་པ། དེང་རབས་ཞབས་ཞུ་ལས་རིགས་སྤུས་ཞིབ་ཅན་གྱི་སྤུས་ལེགས་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་བ། དེང་རབས་ཞིང་ཕྱུགས་ལས་སྤུས་འདེགས་ཕན་སྐྱེད་ལེགས་སྒྲུབ་ཐོག་མུ་མཐུད་དུ་ཤུགས་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ཐོན་ལས་བཀོད་སྒྲིག་གི་བསམ་ཇུས་གཅིག་ཆགས་པར་སྐུལ་ཁྲིད་བྱེད་དགོས། འཇོན་མིའི་ལས་ཀ་ལེགས་པར་སྒྲུབ་པ་དང་། གསར་གཏོད་ཀྱི་གྲོང་ཁྱེར་སྐྲུན་པ། ཕན་ནུས་ཆེ་བའི་སྲིད་ཇུས་བྱེད་ཐབས་སྐོར་ཞིག་ཞིབ་འཇུག་གིས་འདོན་པ། སྤུས་ལེགས་གསར་གཏོད་སྟེགས་བུའི་ནུས་པ་ཕུན་སུམ་ཚོགས་པར་འདོན་པ། སློབ་གསོ་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། འཇོན་མི་གསོ་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཤིན་ས་གསོ་སྐྱོང་བྱེད་དགོས། བཅོས་སྒྱུར་གྱི་ལས་ཀ་ལེགས་པར་སྒྲུབ་པ་དང་། སྒོ་འབྱེད་ཀྱི་གྲོང་ཁྱེར་སྐྲུན་པ། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་མོར་སྤེལ་བ། རྒྱལ་ཁབ་ཀྱི་ཡུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་གོ་སྐབས་བརྩོན་ལེན་བྱེད་པ། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་གློག་ཚོང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་སོགས་ཀྱི་སྟེགས་བུའི་ཐེག་བྱེད་ནུས་པ་ལེགས་པར་བཏོན་ནས། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། རི་ཆུའི་ལས་ཀ་ལེགས་པར་སྒྲུབ་པ་དང་། སྐྱེ་ཁམས་ཀྱི་གྲོང་ཁྱེར་སྐྲུན་པ། ལྟེ་གཅིག་གཞོགས་གཉིས་བརྒྱུད་ལམ་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོང་གནས་སྟངས་མུ་མཐུད་དུ་སྲ་བརྟན་ལེགས་པོ་གཏོང་བ། ལྗང་མདོག་ཐཱན་དམའ་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་སྡོད་འཚམ་གྱི་མཐོ་སྒང་དཔེ་རྣམ་གྲོང་ཁྱེར་བསྐྲུན་ཏེ། སྐྱེ་ཁམས་ཁོར་ཡུག་དང་ཐོན་ལས་འཕེལ་རྒྱས། སྡོད་འཚམ་འཚོ་བ་བཅས་ལེགས་ལ་ཕན་ཚུལ་སྐུལ་འདེད་དང་སྐྱེ་ལྡན་འདྲེས་སྦྱོར་མངོན་འགྱུར་བྱེད་དགོས། དམངས་འཚོ་ལས་ཀ་ལེགས་པར་སྒྲུབ་པ་དང་། བདེ་སྐྱིད་ལྡན་པའི་གྲོང་ཁྱེར་སྐྲུན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ཟབ་མོར་སྤེལ་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམ་བགོས་ཐོབ་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་དབྱར་གནས་ཀྱི་གསེར་གྱི་བྱང་བུ་མུ་མཐུད་དུ་བསྐྲུན་ཏེ། བདེ་སྐྱིད་གྲོང་ཁྱེར་གྱི་འཆམ་མཐུན་འཕེལ་རྒྱས་ཀྱི་གཞི་རྩ་སྲ་བརྟན་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་རྒྱ་སྐྱེད་གཏོང་བ། ལས་བྱེད་པའི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ། ལས་སྒྲུབ་ལས་གཏོད་ཀྱི་མཁའ་དབུགས་ལེགས་པོ་བསྐྲུན་ཏེ། ཏང་སྲོལ་སྲིད་གཙང་གི་འགྱུར་བར་བརྟེན་ནས་སྤྱི་ཚོགས་དམངས་སྲོལ་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བར་སྣེ་ཁྲིད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་མགོ་ཁྲིད་ཝང་ཝའེ་ཏུང་དང་ཀྲང་ཅིན་ཀང་། ཀྲུའུ་ཞང་ཧྥེང་བཅས་རྟོག་ཞིབ་བཞུགས་མོལ་ལ་ཞུགས། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།