མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཟུར་པ། ཞིང་ཆེན་སྲིད་གཞུང་གི་མགོ་གཙོ་ལའོ་ཏུང་ཁྲོན་གིས་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་རྟོག་ཞིབ་གནང་སྐབས་འདི་སྐད། ཏང་གི་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བཅས་ནས་བཀོད་སྒྲིག་བརྒྱབ་པའི་ལས་ཀ་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་། སྐྱེ་ཁམས་སྔོན་སྤེལ་དང་གནོད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཁྱད་དུ་འཕགས་པའི་དགེ་མཚན་འདོན་སྤེལ་གང་ལེགས་དང་། ཐོན་ཁུངས་ཀྱི་གྲུབ་ཆ་ཕྱོགས་བསྡུས་ཕན་ལྡན་བྱས་ཐོག ཐོན་ལས་གསུམ་པའི་གསར་གཏོད་མཉམ་སྤེལ་ལ་བརྟེན་ནས་གསེར་ཆེན་གྱི་གཞོངས་དེ་ལྗང་མདོག་གི་གསོན་ཤུགས་འཕེལ་བར་སྐུལ་འདེད་ཧུར་ཐག་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་ལག་རྗེས་གང་མང་འཇོག་དགོས་ཞེས་བསྟན།
ལའོ་ཏུང་ཁྲོན་བཏུལ་ཐང་གི་འོད་ཧྥུ་གླིང་ཁུལ་རྨ་ཆུའི་ཆུ་གློག་དང་འོད་ཧྥུ་གསབ་རེས་གློག་ཚིགས་སུ་བསྐྱོད་དེ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ས་ཚིགས་ཀྱི་སྤྱིའི་བཀོད་པ་དང་། འོད་ཧྥུ་གློག་ཚིགས་ཀྱི་འཁོར་སྐྱོད་དོ་དམ། དེ་མིན་འཕེལ་རྒྱས་འཆར་འགོད་ལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས་འདི་སྐད། ཚན་རིག་དང་མཐུན་པའི་གསར་གཏོད་ཀྱིས་སྣེ་ཁྲིད་པར་རྒྱུན་འཁྱོངས་དང་། གལ་གནད་ཆེ་བའི་ལག་རྩལ་གྱི་འགག་གནད་ཐག་གཅོད་ལ་ཤུགས་བརྒྱབ་ཏེ་མུ་མཐུད་དུ་ཐོན་ལས་གོང་སྤེལ་ཐད་ལ་སྒུལ་ཤུགས་དང་གསོན་ཤུགས་བསྣན་དགོས་ཟེར། ལའོ་ཏུང་ཁྲོན་གྱིས་འོད་ཧྥུ་གླིང་ཁུལ་འཛུགས་སྐྲུན་བྱས་རྗེས་དེ་སྔའི་ཐང་རྒོད་དང་བྱེ་འགྱུར་ཅན་གྱི་ཞིང་ས་ཡོངས་རྩྭ་དང་རྩི་ཤིང་གི་ཁེབས་ཤིང་། ཁེབས་ཚད80%ལ་བསླེབས་ཏེ། ཉེ་འཁོར་འབྲོག་པ་མང་ཚོགས་ཀྱིས་རྩྭ་དེ་ལ་བརྟེན་ནས“འོད་ཧྥུ་ལུག”འཚོ་སྐྱོང་བརྒྱུད་ནས་ཡོང་འབབ་འཕར་སྣོན་བྱུང་སྐོར་གྱི་གནས་ཚུལ་ལ་ཉན་རྗེས་དེ་ལ་ཁས་ལེན་གང་ལེགས་གནང་། ཁོས་འདི་སྐད། མུ་མཐུད་དུ་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱས་པའི་མཚོ་སྔོན་གྱི་ཉམས་མྱོང་ལ་ཞིབ་འཇུག་དང་། ཕྱོགས་སྡོམ། ཁྱབ་གདལ་བཅས་གཏང་ཟབ་བྱས་ཏེ། “འོད་ཧྥུ+”ཡི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་ཐབས་ལམ་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ལ་མཉམ་དུ་ཕན་འབྲས་ལོན་པར་གཅིག་གྱུར་འཆར་འགོད་ཐོག་སྐུལ་འདེད་གཏང་དགོས་པ་བསྟན།
ཀྲུང་གོའི་གློག་བསྐྲུན་ཏེ་གསེར་ཆེན་གྱི་སྟོང་ཝ་ཁྲི100ཅན་གྱི་འོད་ཧྥུ་དྲོད་འདོན་ལས་གཞིའི་ཨར་ལས་ཡུལ་དངོས་སུ་བསྐྱོད་དེ། ལའོ་ཏུང་ཁྲོན་གྱིས་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་དང་དགོས་ངེས་ཀྱི་ཆ་རྐྱེན་ལ་སོགས་པའི་འགན་སྲུང་གི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་བྱས་པ་དང་། ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་། དུས་ལྟར་དུས་ཚིགས་སོ་སོའི་ནང་གི་ལས་ཀའི་དམིགས་འབེན་ལེགས་འགྲུབ་ལ་འགན་ལེན་ཐུབ་དགོས་ཞེས་ཡར་སྐུལ་བྱས། ཡང་ཀྲུང་གོའི་གློག་བསྐྲུན་ཏེ་གསེར་ཆེན་དབྱི་ཡུན་འོད་དྲོད་གློག་ཚིགས་སུ་ལའོ་ཏུང་ཁྲོན་གྱིས་གློག་ཚིགས་ཀྱི་འཁོར་སྐྱོད་དང་དོ་དམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་འདི་སྐད། སྒྲིག་ཆས་དང་རྒྱུ་ཆ་རང་བདག་གིས་གསར་གཏོད་ཐུབ་པར་ཤུགས་བསྣན་ཏེ། འོད་དྲོད་མ་ལག་འཁོར་སྐྱོད་ཀྱི་ཕན་ཕྱོད་དང་གློག་འདོན་ཐོན་ནུས་མུ་མཐུད་ནས་མཐོར་འདེགས་དང་། དེང་རབས་བཟོ་ལས་དང་སྐྱེ་ཁམས་ཡུལ་སྐོར་གཉིས་མཉམ་འདྲེས་གཏིང་ཟབ་ལ་མུ་མཐུད་དུ་སྐུལ་འདེད་བཅས་བཏང་ནས་ཡུལ་སྐོར་བ་སྔར་ལས་མང་པོས་ཉེ་ས་ནས་རྒྱལ་ཁབ་ཆེན་པོའི་ལས་གཞི་ཡི་མཚར་སྡུག་ལ་ཉམས་སུ་མྱོང་ཐུབ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བྱ་དགོས་པ་བསྟན།
ཚལ་རྔ་འགག་ཆུ་མཛོད་ཀྱི་ཆུ་སྤུས་ཐོན་ཁུངས་ལ་གཞི་བཅོལ་ཏེ། ས་ཝན་ཉ་དེ་རང་ཞིང་གི་ཁྱད་ལྡན་དགེ་མཚན་ཐོན་ལས་ཆེ་ཤོས་སུ་བསྒྱུར་དགོས། ཚལ་རྔ་འགག་ཀྲི་ཞན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིར་བསྐྱོད་དེ། ལའོ་ཏུང་ཁྲོན་གྱིས་ས་ཝན་ཉ་སྐྱེ་འཕེལ་དང་། གསོ་ཉར། གསོ་སྤེལ། བཟོ་སྣོན། བྲིན་འཚོང་ལ་སོགས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་འདི་སྐད། སྐྱེ་ཁམས་ཁོར་སྲུང་གོང་སྤེལ་སྔོན་དུ་བཏང་སྟེ། ཁྲོམ་ར་ཞིབ་ཕྲ་དབྱེ་བ་དམིགས་སུ་བཟུང་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣན་དང་། རྩེ་རིམ་གྱི་བར་སྟོང་རྒྱ་སྐྱེད་དེ་སྤུས་རྟགས་ཀྱི་མཚན་སྙན་དང་ཁྲོམ་རའི་མཚན་སྙན་མུ་མཐུད་དུ་ཇེ་ཆེར་གཏང་དགོས། “མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་གཞི་བྱས་ཏེ་རྨ་ཆུང་དང་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བརྗོད་དེ། གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་འཛུགས་སྐྲུན་ཐད་ལ་ལག་རྗེས་སྔར་ལས་ལྷག་པ་འཇོག་དགོས་ཞེས་ནན་གྱིས་བསྟན།
རྨ་ཆུའི་སྟོད་རྒྱུད་ན་ཡོད་པའི་ཚལ་རྔ་འགག་ཆུ་གློག་ས་ཚིགས་ལ“ལེ་དབར་ཁྲི་ཡི་རྨ་ཆུའི་ཆུ་འགག་དང་པོ”ཞེས་འབོད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞིའི་འགྲེམ་སྟོན་ཚོམས་ཆེན་དུ། ལའོ་ཏུང་ཁྲོན་གྱིས་ཡང་བསྐྱར་ཚལ་རྔ་འགག་ཆུ་གློག་ས་ཚིགས་འཛུགས་སྐྲུན་གྱི་ལོ་རྒྱུས་བརྒྱུད་རིམ་ལ་ཡར་བསྐྱར་མཇལ། ཁོས་འདི་སྐད། ཚལ་རྔ་འགག་ཆུ་གློག་ས་ཚིགས་ནི་རང་རྒྱལ་གྱིས་རང་རྐྱ་ཐུབ་པའི་སྒོ་ནས་ཇུས་འགོད་དང་ཨར་སྐྲུན་ལ་བརྟེན་ནས་བཟོས་པའི་ཆུ་བེད་སྦྲེལ་ཐག་གི་ལས་གཞི་གལ་ཆེན་ཞིག་ཡིན་པས། དེའི་སློབ་གསོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་ཆུ་བེད་བྱ་གཞག་དེ་དཀའ་སྤྱད་འབད་འབུངས་ཁྲོད་ནས་འོད་སྟོང་འབར་བའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ལ་མི་སྔར་ལས་མང་པོར་རྒྱུས་ལོན་བྱེད་དུ་འཇུག་དགོས་ཞེས་བསྟན། དེ་ནས་ལའོ་ཏུང་ཁྲོན་ལྗོངས་གཟིགས་སྟེགས་བུར་བུད་དང་། བཟོ་གྲྭའི་ལྟེ་བའི་ཚོད་འཛིན་ཁང་། ཉ་ལས་ཐོན་སྐྱེད་བྱེད་ས་བཅས་སུ་བསྐྱོད་དེ། གློག་ཚིགས་ཀྱི་གློག་ཤུགས་སྙོམས་སྒྲིག་དང་། བདེ་འཇགས་དོ་དམ་ལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་འདི་སྐད། མུ་མཐུད་དུ་ནུས་ཁུངས་བེད་སྤྱོད་ཀྱི་ཕན་ཕྱོད་ཇེ་མཐོར་དང་། ཆུའི་ཐོན་ཁུངས་གྲོན་ཆུང་དང་ཞིབ་གཉེར་གྱི་སྒོ་ནས་བེད་སྤྱོད། ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་། ཆུ་གློག་སྙོམས་སྒྲིག་གི་ནུས་པ་བཅས་མཐོར་འདེགས་སུ་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱས་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ཐད་ནུས་པ་ཆེན་པོ་འདོན་དགོས་ཞེས་བསྟན།
ཀྲང་ཅིན་ཀང་དང་། ལུའུ་ཀང་བཅས་རྟོག་ཞིབ་ཁྲོད་ཞུགས།