མཚོ་སྔོན་གྱིས་འཛད་སྤྱོད་ཞབས་ཞུ་ལ་འཆར་གཞི་གསར་བ་བཀོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

འཛད་སྤྱོད་ཞབས་ཞུ་ཡི་སྣེ་གཅིག་དམངས་ཚིས་ལ་འབྲེལ་བ་དང་སྣེ་གཅིག་འཕེལ་རྒྱས་ལ་འབྲེལ་ཡོད་ཅིང་།  མང་ཚོགས་ཀྱི“ཁྱིམ་གཞིས་ཆུང་ཆུང”དང་རྒྱལ་ཁབ་ཀྱི་དམངས་ཚིས་ཇུས་ཆེན་ཀྱི“ཁྱིམ་གཞིས་ཆེན་པོ”འདི་ལ་ལྷག་དུ་འབྲེལ་ཡོད།  ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐོང་ཆེན་ཚད་མེད་གནང་སྟེ་ཐེངས་དུ་མར་བཀོད་སྒྲིག་བྱས།  ཉེ་ལམ་རྒྱལ་ཁབ་ཀྱི་རིམ་པ་ནས་འབྲེལ་ཡོད་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་གྱིས་འཛད་སྤྱོད་ཞབས་ཞུ་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བའི་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཏོན།

དེ་ཡང་ཇུས་གཞི་དེ་འདོན་དགོས་པའི་རྒྱབ་ལྗོངས་དང་སྤྱིའི་དམིགས་འབེན་ཅི་ཞིག་ཡིན་ཞེ་ན། 《ཇུས་གཞི》དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《འཛད་སྤྱོད་ཞབས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏང་བའི་སྐོར་གྱི་བསམ་འཆར》(རྒྱལ་གཞུང་ཡིག་ཆ〔2024〕ཨང18པ)ཡི་དགོངས་དོན་ལག་ལེནམཐར་ཕྱིན་བྱ་ཆེད་བཏོན་པ་ཞིག་ཡིན་ལ།  གཙོ་བོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྟོན་དུ་བཟུང་སྟེ།  ཏང་གི་སྐབས་ཉི་བ་དང་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་སོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་བཀོད་ཆེན་ལ་ཞབས་འདེགས་ཞུ་བའི་ལས་ལ་ཧུར་ཐག་ཞུགས་ནས་འཕེལ་རྒྱས་གསར་པའི་བློ་བཀོད་མགྱོགས་པོར་བཟོས།

  དེ་ཡང་སྤྱིའི་ཆ་ནས། 2029ལོའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་བཟའ་བཏུང་དང་། ཁྱིམ་སྲིད།  རྒན་གསོ། བུ་བཅོལ་ལ་སོགས་མང་པོ་གཙིགས་སུ་བཟུང་སྟེ།   ལས་ཚུལ་དུ་མ་མཉམ་འདྲེས་ཀྱི་འཛད་སྤྱོད་ཞབས་ཞུ་བྱེད་ས8བསྐྲུན་རྒྱུ་དང་།  བྲིན་འཚོང་གྲངས་འབོར་སྒོར་དུང་ཕྱུར5ཅན་ཡན་གྱི་ཁྲོམ་ཚོགས5དང་། བྲིན་འཚོང་གྲངས་འབོར་སྒོར་དུང་ཕྱུར1ཡན་གྱི་ཁྲོམ་ཚོགས15བཅས་སྐྱེད་སྲིང་བྱ་རྒྱུ།   “ཀྲུང་ཧྭའི་ཟས་མཆོག”གི་མུ་འབྲེལ་བྱེད་སྒོ་ལེགས་པོར་བསྒྲུབ་ནས་ས་གནས་ཀྱི་བཟའ་བཏུང་ཚད་གཞི་དང་ཚོགས་པའི་ཚད་གཞི15ཁྱབ་སྒྲོག་བྱ་རྒྱུ།  སྡོད་ཁུལ་གྱི་ཁྱིམ་སྲིད་ཞབས་ཞུ་ནུས་པ་ཡོངས་ལ་ཁེབས་པར་བྱས་ཏེ།  100%ཡི་ཞབས་ཞུ་བས་དཔང་ཡིག་ཐོགས་ནས་ཞབས་ཞུ་འདོན་རྒྱུ་དང་།  ཁྱིམ་སྲིད་ཀྱི་ས་གནས་ཚད་གཞི་དང་ཚོགས་པའི་ཚད་གཞི35ཁྱབ་སྒྲོག་བྱ་རྒྱུ།   རིག་གནས་ཡུལ་སྐོར་ཕྱོགས་ནས་ཡུལ་སྐོར་འཁྲབ་སྟོན་གྱི་སྤུས་ལེགས་རྣམ་གྲངས3ནས5དང་།   མྱོང་རོལ་རང་བཞིན་གྱི་རྣམ་གྲངས2ནས3སྐྱེད་སྲིང་བྱ་རྒྱུ་དང་།   ཞིང་ཆེན་རིམ་པའི་མཚན་ལྗོངས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འདུ་འཛོམས་ཁུལ3ནས5དང་།  ཞིང་གྲོང་ཡུལ་སྐོར་གྱི་སྤུས་ལེགས་ལམ་ཐིག25བཅས་བསྐྲུན་རྒྱུ།    ལུས་རྩལ་ཡུལ་སྐོར་གྱི་སྤུས་ལེགས་ལམ་ཐིག20བཏོན་ཐོག རྒྱལ་སྤྱིའི་ཆེད་ལས་འགྲན་སྡུར་སྒྲུབ་གཉེར་ལ་སྙན་ཞུ་བྱས་ནས་ཞིང་ཆེན་རིམ་པ་དང་དེའི་ཡན་གྱི་འགྲན་སྡུར་བྱེད་སྒོ50ཡན་སྤེལ་རྒྱུ།  སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུ་ཁྱབ་ཚད100%དང་།  རྒན་གསོ་ལས་ཁུངས་ཀྱི་བདག་སྐྱོང་རང་བཞིན་གྱི་ཉལ་ཁྲི70%བཅས་ལ་བསླེབ་རྒྱུ་མ་ཟད།  ཡུལ་ཚོ་དང་གྲོང་རྡལ་སྲང་ལམ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་ཆས50%ལ་བསླེབ་ཏུ་འཇུག་རྒྱུ་རེད། 

དེ་བཞིན་དུ་འཛད་སྤྱོད་ཞབས་ཞུ་ཡི་སྤུས་ཚད་ཇེ་ལེགས་སུ་གཏང་བའི་ལས་འགན་གཙོ་བོ་གང་དག་ཡིན་ཞེ་ན།

《ཇུས་གཞི》ཡི་ནང་དུ་བཟའ་བཏུང་དང་མགྲོན་ཤག་གི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་ཕྱོགས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བརྔོ་ཚལ་དང་རང་ས་གནས་ཀྱི་ཟས་རིགས་སོགས་སྐྱེད་སྲིང་དང་།  བཟའ་བཏུང་གྲངས་ཀ་ཅན་དུ་འགྱུར་བའི་གཉེར་སྐྱོང་ལ་སྐུལ་འདེད།   མ་དངུལ་མཉམ་འཇོག་གི་ཆེད་དོན་བྱེད་སྒོ་སྤེལ་བ། མཚོ་སྔོན་འཐེན་ཐུག་གི་ལས་ཚུལ་མཉམ་འདྲེས་བྱེད་སྟངས་གསར་པ་གསར་བཏོད་བཅས་བྱས་ནས་ཕྱིར་བསྐྱོད་ལ་ཡར་སྐུལ་དང་།  ཕྱི་འབྲེལ་སྡོད་ཤག་གི་ཞབས་ཞུ་ཆུ་ཚད་མཐོར་འདེགས།  ཞིང་གྲོང་གི་བེད་སྤྱད་མེད་པའི་ཐོན་ཁུངས་ལ་བརྟེན་ནས་ཞིང་གྲོང་གི་ཡུལ་སྐོར་སྣེ་ལེན་དང་དམངས་ཤག་ལ་གསོན་ཤུགས་བསྣན་དགོས་པའི་བླང་བྱ་བཏོན།

 ཁྲིམས་སྲིད་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་རྒྱ་སྐྱེད་ལ་སྐུལ་འདེད་ཕྱོགས་ནས་ཁྱིམ་སྲིད་ལ་བརྟེན་ནས་ཞིང་གྲོང་དར་སྤེལ་གཏང་བའི་བྱེད་སྤྱོད་ལ་སྐུལ་འདེད་བཏང་སྟེ།   ཐད་གཏོང་བ་བསྡུ་ལེན་དང་ལག་རྩལ་རིམ་སྤར་གྱི་བྱེད་སྤྱོད་སྤེལ་ནས་ཚད་གཞི་མ་ལག་འཐུས་ཚང་དུ་གཏོང་བ་དང་།   ཡིད་རྟོན་མ་ལག་མགྱོགས་པོར་བསྐྲུན་ནས་ངལ་ལས་སྤུས་རྟགས་རྒྱ་ཆེར་བསྐྱེད་པ།  རྩལ་ནུས་འགྲན་སྡུར་སྤེལ་ནས་ཐོན་སློབ་མཉམ་འབྲེལ་གྱི་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བཅས་བྱས་ནས་ཁྱིམ་སྲིད་ཞབས་ཞུ་དེ་འཛད་སྤྱོད་རོགས་རེས་ཀྱི་མ་ལག་ནང་བླངས་ནས་ཟབ་སྦྱོང་གི་ཁ་གསབ་ཚད་གཞི་སྙོམས་སྒྲིག་བྱ་དགོས་པའི་བླང་བྱ་བཏོན།

 རྒན་གསོ་དང་བུ་བཅོལ་ཞབས་ཞུ་འདོན་སྤྲོད་ཕྱོགས་ནས་རྒན་གསོ་ཞབས་ཞུ་འདོན་སྤྲོད་ལེགས་བསྒྱུར་དང་།   གཞིས་སྡོད་རྒན་རྒོན་གྱི་འགྲོ་འདུག་སྟབས་བདེ་བཟོ་བ།  རྒན་གསོ་ཞབས་ཞུ་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན།  “སྐར་མ15ཡི་ནང་རྒན་གསོའི་འཛད་སྤྱོད་ཞབས་ཞུ་ཚོགས”སྒྲིག་འཛུགས་བཅས་བྱས་ཏེ།  བུ་བཅོལ་ལས་ཁུངས་གསར་འཛུགས་དང་རྒྱ་སྐྱེད་ལ་རྒྱབ་སྐྱོར་དང་།   རྒན་གསོ་བུ་བཅོལ་ལས་ཁུངས་ཀྱི་ཆུ་དང་གློག  རླངས་བཅས་སྡོད་མིའི་འཚོ་བའི་རིགས་ཀྱི་རིན་གོང་ནང་བཞིན་ལག་བསྟར་བྱས་ནས་དངུལ་རྩའི་ལས་ཁུངས་ཀྱིས་འོས་ཤིང་འཚམ་པའི་དངུལ་རྩའི་ཐོན་རྫས་འདོན་སྤྲོད་ལ་ཁྲིད་སྟོན་བྱ་དགོས་པའི་བླང་བྱ་བཏོན།

འཛད་སྤྱོད་ཞབས་ཞུ་སྤེལ་ས་ལ་ཁྱད་ཆོས་གང་དག་ཡོད་ཅེ་ན།

མཚོ་སྔོན་གྱིས་མཚོ་སྔོན་གྱི་དམིགས་བསལ་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་རིག་གནས་དང་ཡུལ་སྲོལ་གོམས་གཤིས།  ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་བཅས་ལ་གཞི་བཅོལ་ཏེ།   “གསའ་གྲོང་ཟི་ལིང”དང་“ཉམས་འགྱུར་སྟོང་གི་མཚོ་ཤར”“བརྩེ་བ་འཕྱོ་བའི་མཚོ་ནུབ།”“དྭངས་གཙང་གི་མཚོ་ལྷོ”“རྨ་ལྷོ་རེབ་གོང”“ཆུ་གསུམ་འགོ་ཁུངས་ཡུལ་ཤུལ”“ངོ་མཚར་བའི་མགོ་ལོག”སོགས་ལས་ཚུལ་དུ་མ་མཉམ་འདྲེས་ཀྱི་འཛད་སྤྱོད་ཞབས་ཞུ་བྱེད་ས8གལ་ཆེན་དུ་བཟུང་ནས་བསྐྲུན་དགོས་པའི་བླང་བྱ་བཏོན་པར་མ་ཟད།   འཛད་སྤྱོད་ཞབས་ཞུ་ཡི་ལས་འགན་ཞིབ་ཕྲ་ཅན་དང་བེད་སྤྱོད་ཀྱི་རང་བཞིན་ཆེ་རུ་གཏང་བར་སྟབས་བདེ་སྐྲུན་རྒྱུ་དང་ཆབས་ཅིག   གྲོང་ཁྱེར་དང་ཁུལ་སོ་སོའི་འཛད་སྤྱོད་ཞབས་ཞུ་ཡི་ཁྱད་ཆོས་གཞི་བྱས་ཏེ།   ཟི་ལིང་གྲོང་ཁྱེར་གྱིས་ལྟེ་བའི་ཁྲོམ་ཚོགས་གཙོར་འཛིན་རྒྱུ་དང་།  མཚོ་ཤར་གྱིས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་མྱོང་རོལ་གཙོར་འཛིན་རྒྱུ།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལུས་རྩལ་ཡུལ་སྐོར་གཙོར་འཛིན་རྒྱུར།   མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལྗོངས་ཕྱིའི་ལྕགས་རྟ་ལ་སོགས་པའི་འགུལ་སྐྱོད་གཟེངས་སུ་བཏོད་རྒྱུ།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རེབ་གོང་རིག་གནས་གཙོར་འཛིན་རྒྱུ།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆུ་གསུམ་འགོ་ཁུངས་ཀྱི་ལྟེ་བའི་སྐྱེ་ཁམས་རིག་གནས་མྱོང་རོལ་བྱ་བ་གཙིགས་སུ་འཛིན་རྒྱུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་དང་ཡུལ་སྲོལ་རིག་གནས་མྱོང་རོལ་གཙོར་འཛིན་རྒྱུ་བཅས་བྱས་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།