མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་གསར་གྱི་ཚེས15ཉིན་གྱི་སྔོན་ཏེ་སྤྱི་ཟླ2ཚེས11ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་ཝང་ཀྲེན་ཁྲང་དང་། ཀྲང་ཞའོ་རོང་། ལིག་ཏ་དབྱི། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མི་ཕིང་ཡོའུ་ཏུང་བཅས་སྐུ་འབུམ་དགོན་དུ་བསྐྱོད་དེ་དགེ་འདུན་པ་རྣམས་ལ་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་པའི་སྡེ་ཡི་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་པའི་སྨོན་འདུན་ཞུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་མཆོག་ཡང་ཁོ་ཚོ་མཉམ་དུ་འཚམས་འདྲི་ལ་ཕེབས་ཡོད།
སྐུ་འབུམ་དགོན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ལ་ཐུགས་ཉེ་ཉེ་ངང་གླེང་མོལ་གནང་རྗེས། ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཀྱིས་འདི་སྐད། ལོ་དུ་མའི་རིང་ལ་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ལ་བརྟེན་ནས་སྐུ་འབུམ་དགོན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་། རྒྱ་ཆེའི་གྲྭ་བ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་བཏང་ནས་ཁྲིད་སྟོན་བཅས་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ལ་ནུས་ཤུགས་ཡོད་རྒུ་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་གྱི་གོམ་ཁ་བརྟན་པོ་ངང་ནས་གོང་དུ་འཕེལ་བར་ལག་རྗེས་བཞག་ཡོད། རེ་བ་ནི་སྐུ་འབུམ་དགོན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནམ་ཡང་ཁྲིད་སྟོན་དུ་བཟུང་སྟེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དོན་འཁྱོལ་ཏན་ཏིག་བྱས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཕྱོགས་སུ་བསྒྱུར་བར་རྒྱུན་འཁྱོངས་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཚམ་པོ་བྱུང་བར་ཁྲིད་སྟོན་ཧུར་ཐག ཆོས་ལུགས་ཞི་མཐུན་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་ལ་སྐུལ་འདེད་བཅས་བྱས་ནས་དགེ་འདུན་པ་རྣམས་ཀྱིས་སྲོལ་རྒྱུན་བཟང་བོ་འཛིན་སྐྱོང་ལ་ཁྲིད་སྟོན་ཐོག “ཁས་ལེན་ལྔ”ཆེར་བསྐྱེད་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ལས་བྱེད་མང་ཚོགས་དང་མཉམ་དུ་མཚོ་སྔོན་སྔར་ལས་མཛེས་སྡུག་ལྡན་པ་ཞིག་འཛུགས་སྐྲུན་བྱ་ཐུབ་རྒྱུ་དེ་ཡིན་ཞེས་བསྟན།
སྐུ་འབུམ་དགོན་དམངས་ག་ཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་འདི་སྐད། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་རང་རྟོགས་རང་བཞིན་དང་བརྟན་པོ་རང་བཞིན་སྔར་ལས་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་དྲན་ཞིང་། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་དགོན་པའི་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་དང་། ཆོས་ལུགས་ཀྱི་ཆོ་གའམ་བྱེད་སྒོ་ཁྲིམས་སྲོལ་སྒྲིག་སྲོལ་ནང་བཞིན་སྤེལ་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོབ་དང་། དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་ཞབས་འདེགས་ཞུས་ནས་ལག་རྗེས་གང་ནུས་འཇོག་ཐུབ་ལ་འབད་པ་བྱ་རྒྱུ་ཡིན་ཟེར།