མཚོ་སྔོན་གྱིས་གནས་སྐབས་ཀྱི་རོགས་སྐྱོབ་ཁྱབ་ཁོངས་སླར་ཡང་ཇེ་ལེགས་སུ་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   ཟླ2པའི་ཚེས10ཉིན།    གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གཉིས་ཀྱིས་མཉམ་འབྲེལ་ཐོག་དཔར་འགྲེམས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་གནས་སྐབས་རོགས་སྐྱོབ་ལས་དོན་ལག་བསྟར་བྱེད་ཐབས》(གཤམ་དུ་བསྡུས་མིང་ལ《ལག་བསྟར་བྱེད་ཐབས》ཞེས་བརྗོད་རྒྱུ)གཞིར་བཟུང་།    རང་ཞིང་གིས་རོགས་སྐྱོབ་བྱ་ཡུལ་རིགས་དང་དབྱེ་བ་གསལ་འབྱེད་དང་།     ཞིབ་བཤེར་གོ་རིམ་ཚད་ལྡན།    རོགས་སྐྱོབ་ཚད་གཞི་ཞིབ་ཕྲ་བཅས་གཏང་བ་གཙོ་བོར་བཟུང་སྟེ། གཞི་རིམ་རོགས་སྐྱོབ་ཀྱི་དུས་ཆོད་རང་བཞིན་མི་འདང་བ་དང་གོ་རིམ་ཚད་ལྡན་མིན་པ་སོགས་ཀྱི་དཀའ་གནད་ཐག་གཅོད་གང་ཐུབ་བྱ་རྒྱུ་དང་།     “མ་མཐའི་འཚོ་བ་འགན་སྲུང་དང་།    དཀའ་ངལ་ཆེན་པོ་ལས་མྱུར་སྐྱོབ་བྱེད་པའི”སྤྱི་ཚོགས་ཀྱི་རོགས་སྐྱོབ་ནུས་པར་ཁྱོན་ཡོངས་ནས་ཤུགས་བསྣན་རྒྱུ་རེད།   

“མིག་སྔར།    རང་ཞིང་གི་ས་ཁུལ་ཁ་ཤས་སུ་ད་དུང་ཚད་མི་འདྲ་བའི་ཐོག་ནས་རོགས་སྐྱོབ་ཀྱི་དུས་ཆོད་རང་བཞིན་ཆེན་པོ་མེད་པ་དང་།    རོགས་སྐྱོབ་ཀྱི་རང་འདོད་རང་བཞིན་ཅུང་ཆེ་བ།    རོགས་སྐྱོབ་ཀྱི་གོ་རིམ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཡོད།    དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་དགོས་མཁོའི་འགྱུར་ལྡོག་སྣ་མང་ཅན་གྱི་མདུན་དུ་རང་རྒྱལ་གྱིས་གནས་སྐབས་རོགས་སྐྱོབ་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་འཐུས་ཚང་དུ་གཏོང་རྒྱུ་ནི་རིམ་དབྱེ་རིགས་དབྱེ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་པའི་དམའ་རིམ་གྱི་འགག་གནད་ཅིག་ཡིན་ལ།    དབུལ་པོར་བསྐྱར་ལོག་སྔོན་འགོག་དང་ཡོང་འབབ་དམའ་བའི་མི་འབོར་རྒྱུན་ལྡན་ཅན་གྱི་རོགས་སྐྱོབ་སྲིད་ཇུས་དང་ལམ་སྲོལ་གཅིག་གྱུར་གྱིས་འབྲེལ་མཐུད་དང་མཉམ་སྒྲིལ་བྱེད་པའི་གནད་འགག་ཅིག་ཀྱང་ཡིན།    ཞེས་ཞིང་ཆེན་དམངས་སྲིད་ཐིང་སྤྱི་ཚོགས་རོགས་སྐྱོབ་ཁྲུའུ་ཡི་ལས་དོན་མི་སྣས་དེ་ལྟར་ངོ་སྤྲོད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།   གསར་དུ་བཏོན་པའི《ལག་བསྟར་བྱེད་ཐབས》ནང་ཛ་དྲག་ཅན་གྱི་རོགས་སྐྱོབ་བྱ་ཡུལ་གྱི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་པ་སྟེ།    མེ་སྐྱོན་དང་འགྲིམ་འགྲུལ་དོན་རྐྱེན་སོགས་འཕྲད་ནས་གཞི་རྩའི་འཚོ་བ་དཀའ་ངལ་གྱི་གནས་སུ་གྱུར་བ།     ཁྱིམ་ཚང་གི་ཁོངས་མིར་གློ་བུར་དུ་ཚེ་སྲོག་ལ་ཉེན་ཁ་ཐེབས་པའི་ནད་རིགས་ཚབས་ཆེན་བྱུང་ནས་ཁྱིམ་ཚང་གི་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་ཐོན་པ་བཅས་མྱུར་དུ་རོགས་སྐྱོབ་བྱེད་ཐབས་སྤྱོད་དགོས་རིགས་དང་།     མ་མཐའི་འཚོ་བའི་འགན་སྲུང་དང་།    དབུལ་ཕོངས་དམིགས་བསལ་ཅན་གྱི་ཁ་རྒྱབ་གསོ་ཐབས་སམ་ཡང་ན་སྨན་བཅོས།    སློབ་གསོ།    སྡོད་ཁང་།    ལས་ཞུགས་སོགས་རོགས་སྐྱོབ་ལམ་ལུགས་གཞན་དག་གི་ཆ་རྐྱེན་དང་མཐུན་མོད་ཀྱང་།    སྤྱི་ཚོགས་རོགས་སྐྱོབ་དང་ཆེད་དོན་རོགས་སྐྱོབ་རེ་ཞུ།    ཞིབ་བཤེར།    གཏན་འཁེལ་བཅས་བྱེད་པའི་དུས་ཡུན་ནང་རོགས་སྐྱོབ་ལམ་ལུགས་གཞན་དག་གི་ནུས་པ་ཐོན་མེད་པ་དང་།    ད་སྔར་ཁྱིམ་ཚང་དཀའ་ངལ་གྱི་གནས་སུ་ལྷུང་ཡོད་ཅིང་།   གལ་ཏེ་མྱུར་དུ་རོགས་སྐྱོབ་མ་བྱས་ན་གཞི་རྩའི་འཚོ་བ་རྒྱུན་འཁྱོངས་བྱེད་ཐབས་མེད་པའི་རིགས་ལ་     རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་དཀའ་ངལ་ཧ་ཅང་ཆེ་བའི་རོགས་སྐྱོབ་བྱ་ཡུལ་གཞན་དག་ལ་ཛ་དྲག་དཀའ་ངལ་ཅན་གྱི་གནས་སྐབས་རོགས་སྐྱོབ་བརྒྱུད་དེའི་གནས་སྐབས་རང་བཞིན་གྱི་གཞི་རྩའི་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་དགོས་པ་དང་།     གློ་བུར་དུ་འབྱུང་བའི་སྤྱི་པའི་དོན་རྐྱེན་འཕྲལ་སྡོམ་དང་ལེན་བྱེད་རིང་སྤོ་སྒྱུར་བཀོད་སྒྲིག་དང་གཞི་རྩའི་འཚོ་བར་རོགས་སྐྱོབ་བྱེད་དགོས་པ་དང་འགན་ནུས་སྡེ་ཁག་ཁག་གིས་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས་པ་བསྟན་ཡོད།   

འགྲོ་སོང་ཆེ་བའི་རོགས་སྐྱོབ་ཁྱབ་ཁོངས་ཁ་གསལ་བཟོས་པ་སྟེ།    ཡོང་འབབ་དམའ་བའི་མི་འབོར་གྱི་རིམ་པ་དང་རིགས་ཀྱི་དབྱེ་བ་ལྟར།    ནད་དང་།    སློབ་ཞུགས།  སྡོད་ཁང་སོགས་ཀྱི་དབང་གིས་གཞི་རྩའི་འཚོ་བར་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་དཀའ་ངལ་ཆེན་པོ་བྱུང་བའི་ཁྱིམ་ཚང་ངམ་གནས་སྐབས་འགྲོ་སོང་ཧ་ཅང་ཆེ་བའི་མི་སྒེར་དག་རོགས་སྐྱོབ་བྱེད་ཁོངས་སུ་ལེན་རྒྱུ།    དེའི་ནང་དམིགས་བསལ་ཅན་གྱི་དབུལ་ཕོངས་དང་།    མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་།    འཚོ་བའི་འགན་སྲུང་བས་མཐར་ལྷུང་བའི་ཁྱིམ་ཚང་།    འགྲོ་སོང་དཀའ་ངལ་ཡོད་པའི་ཁྱིམ་ཚང་།    དྭ་ཕྲུག  ཨེ་ཙི་ནད་ཕོག་པའི་བྱིས་པ།    དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ།    དབུལ་ཕོངས་བསྐྱར་ལོག་ལ་སྔོན་འགོག་བྱེད་པའི་ལྟ་ཞིབ་བྱ་ཡུལ་དང་འགྲོ་སོང་ཆེ་བའི་རོགས་སྐྱོབ་བྱ་ཡུལ་གཞན་དག་བཅས་ཚུད་ཡོད།     དེ་ལས་འགྲོ་སྒོ་གཞན་དག་ཐད་ཀྱི་རོགས་སྐྱོབ་བྱ་ཡུལ་ནི་གསར་དུ་འཕར་བའི་རོགས་སྐྱོར་བྱ་ཡུལ་ཡིན་པ་སྟེ།    དེ་ནི་གོང་གི་རོགས་སྐྱོར་བྱེད་ཁོངས་སུ་མེད་ན་ཡང་། ཟླ་བ་གཅིག་ནས་ཟླ་བ་གསུམ་གྱི་ནང་གི་ཟླ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་སྡོད་སའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་འགན་སྲུང་ཚད་གཞི་ལས་དམའ་བ་དང་།    འཚོ་བར་དགོས་ངེས་ཀྱི་འགྲོ་སོང་གི་དབང་གིས་གནས་སྐབས་དཀའ་ངལ་ཆེ་བར་མ་ཟད།    ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ་དེ་འགྲོ་སོང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ངོས་འཛིན་བྱེད་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་ཁྱིམ་ཚང་ངམ་མི་སྒེར་ལ་གོ་བ་རེད།   

གནས་སྐབས་ཀྱི་རོགས་སྐྱོབ་ཚད་གཞིའི་ཕྱོགས་ནས་རང་ཞིང་གིས་དཀའ་ངལ་ཆེན་པོར་འཕྲད་པའི་རོགས་སྐྱོབ་བྱ་ཡུལ་ལ་ས་གནས་དེའི་ཟླ་རེའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་།    དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མི་འབོར།    དཀའ་ངལ་གྱི་དུས་ཚད་བཅས་རྒྱུ་རྐྱེན་གསུམ་ལ་གཞིགས་ནས་རོགས་སྐྱོབ་ཚད་གཞི་གཏན་འཁེལ་བྱ་རྒྱུ་དང་།     གཏོང་སྒོ་ཆེ་བའི་རོགས་སྐྱོབ་བྱ་ཡུལ་གྱི་རིགས་དང་གཏོང་སྒོའི་གནས་ཚུལ་སོགས་གཞིར་བཟུང་སྤྱི་འགྲོས་རྩིས་རྒྱག(ཛ་དྲག་དང་དཀའ་ངལ་ཅན་གྱི་རྩིས་རྒྱག་སྟངས་དང་གཅིག་མཐུན་ཡིན)གཙོ་བྱས་རིམ་པ་དབྱེ་ནས་རོགས་སྐྱོབ་བྱེད་ཞོར་དུ།    རོགས་སྐྱོབ་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱས་ཏེ།    ཚད་ལས་བརྒལ་བའི་རོགས་སྐྱོབ་སྔོན་འགོག་བྱེད་དགོས།     རྩ་དོན་ཐོག་དཀའ་ངལ་རྒྱུན་མཐུད་བྱེད་པའི་དུས་ཚད་སྤྱིར་བཏང་གི་གནས་ཚུལ་འོག་ཟླ་བ་གཅིག་ནས་དྲུག་བར་གཏན་འཁེལ་བྱེད་པ་དང་།    གནས་ཚུལ་དམིགས་བསལ་ཡིན་ན་མཐོ་ཤོས་ཟླ་བ་བཅུ་གཉིས་ལས་བརྒལ་མི་ཆོག འགྲོ་སོང་ཅན་གྱི་རོགས་སྐྱོབ་བྱ་ཡུལ་གཞན་དག་ནི་ཟླ་བ་གཅིག་ནས་གསུམ་བར་ཡིན་བཅས་བཀོད་ཡོད་དོ།།  

རྩོམ་སྒྲིག་པ། : ཁོན་ཐར་འཚོ།