གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ཞིང་ལས་ཀྱི་རྨང་གཞི་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

     ས་གནས་ཁག་དང་ཚན་པ་ཁག་གིས“ཞིང་གསུམ”ལས་དོན་ལ་རྒྱུན་བསྲིངས་ལྷོད་མེད་ངང་དམ་འཛིན་བྱེད་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་འཁོར་སྤྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་འགྲོ་བཞིན་པ་དང་། འབྲུ་རིགས་ཐོན་སྐྱེད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་བྱུང་བ་བཅས་ཀྱིས། དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།

     མིག་སྔར། གྲོའི་དགུན་དུས་གཡོག་བྱེད་ཀྱི་འགག་རྩའི་དུས་སུ་སླེབས་ཡོད། ཧོ་ནན་ཞིང་ཆེན་ཤང་ཁྲེང་གྲོང་ཁྱེར་སན་ཏན་གྲོང་རྡལ་ཧྲེང་ཡིང་གྲོང་ཚོའི་ཚད་གཞི་མཐོ་བའི་ཞིང་ཁའི་ནང་། ས་གནས་དེ་གའི་ཞིང་དུད་ཀྱིས་ཆེད་ལས་མཁའ་པའི་མཛུབ་ཁྲིད་འོག་དགུན་གྲོའི་ཞིང་ནང་གཡོག་བྱེད་དང་ཆུ་གཏོང་བ་སོགས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད། ཤང་ཁྲེང་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཕན་ཤིའུ་ཆིན་གྱིས། དགུན་ཁ་ཆུ་གཏོང་བ་དེར་ཐན་འགོག་འཁྱག་འགོག་གི་ནུས་པ་ལྡན་ཡོད་ཅིང་། དཔྱིད་ཀ་གྲོ་སྔོ་ལོག་རྒྱག་པ་དང་རྩ་བ་བརྟན་པོ་ཚུགས་པར་ཆ་རྐྱེན་བཏོད་ཡོད་ཅེས་གསུངས་པ་རེད།

     ཅེ་ལིན་ཞིང་ཆེན་ནུང་ཨན་རྫོང་དུ། ས་གནས་དེ་གས་ཞིང་ནང་ཆུ་ཡུར་བཟོ་བ་དང་ཞོད་སྐྱོན་བཅོས་སྒྲིག་དེ་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་འགག་རྩའི་བྱ་ཐབས་ལ་བརྩིས་ནས། “ཤུར་བཞི་ཡུར་བཞི”གཞི་གཅིག་ཅན་བཅོས་སྐྱོང་གི་འགག་སྒྲོལ་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་། ཞིང་ནང་ཆུ་བེད་ཀྱི་ཡུར་བུ་ཡག་པོ་བཟོ་བ་བརྒྱུད། དཔྱིད་འདེབས་ལ་རྨང་གཞི་བརྟན་པོ་ཞིག་འདིང་བཞིན་ཡོད། ནུང་ཨན་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ས་ནག་སྲུང་སྐྱོབ་ཁོའོ་ཡི་འགོ་འཛིན་ཐན་ཧའོ་ཡིས། རྫོང་ཡོངས་ཀྱིས་ཞིང་ནང་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་གྱི་དུས་ཚོད་ཡག་ཤོས་དང་བེད་སྤྱོད་ཆེ་བའི་དུས་ཚོད་དམ་འཛིན་བྱེད་བཞིན་ཡོད་ཅིང་། མིག་སྔའི་བར་རིམ་རྩིས་བྱས་ན་ཆུ་ཡུར་བཟོ་བའི་ལས་ནང་ཞུགས་པའི་རླངས་འཁོར་ཐེངས་གྲངས་4543ཟིན་པ་དང་། བཟོས་ཚར་བའི་ཆུ་ཡུར་1118ཟིན་པ། སྤྱིའི་རིང་ཚད་ལ་སྤྱི་ལེ་1612ཟིན་ཡོད་ཅེས་གསུངས་པ་རེད།

     འབྲུ་རིགས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཆེན་པོའི་དོན་ཆེན་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་བརྟན་པོར་འཛིན་ཐུབ་ཚེ། ད་གཟོད་རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ཡོང་བའི་རང་འགུལ་དབང་ཆ་བརྟན་པོར་འཛིན་ཐུབ་ཅེས་ནན་སྟོན་གནང་ཡོད།

     སྤྱི་ལོ་2024ལོར། ས་གནས་ཁག་གིས་འབྲུ་རིགས་ཞིང་ཁར་བརྟེན་པ་དང་འབྲུ་རིགས་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་བྱུང་ནས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.4ལས་ཐོག་མར་བརྒལ་ཡོད། ཞིང་ལས་དང་གྲོང་གསེབ་པུའི་སྤྱི་ཁྱབ་ཞིང་ལས་མཁས་པ། འདེབས་འཛུགས་ལས་རིགས་དོ་དམ་སིའི་སི་ཀྲང་ཕན་ཝུན་པོ་ཡིས། སྤྱི་ལོ་2025ལོར་ང་ཚོས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་བརྟན་ལྷིང་དང་སྲན་སྣུམ་འདེབས་ཁྱོན་ཆེར་གཏོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ཡིན། གཙོ་གནད་ནི་འབྲུ་རིགས་དང་སྲན་ཆེན་གྱི་རྒྱ་ཁྱོན་བརྟན་ལྷིང་ཡོང་བར་བྱས་ཏེ། འབྲུ་སྣུམ་ཐོན་སྐྱེད་བྱེད་པའི་ལོ་ཏོག་གི་གཞི་ཁྱོན་ཆེན་པོའི་མུ་རེའི་ཐོན་འབབ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཐོག གནོད་འགོག་གནོད་སེལ་ལ་དམ་འཛིན་ཧུར་ཐག་བྱེད་པ་དང་། འབྲུ་རིགས་དང་ཞིང་ལས་ལ་ལོ་ལེགས་ཡོང་བར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

     སྤྱི་ལོ་2024ལོར་ཨན་ཧུའེ་དང་། ཧུའུ་ནན། ཀོང་ཤིས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱིས་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཡུན་ཐིམ་རྗེས་མུ་མཐུད་དེ་དུས་ཡུན་ལོ་30ནར་འགྱངས་གཏོང་རྒྱུའི་ཞིང་ཆེན་ཧྲིལ་པོའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཞིང་ཆེན་གཞན་དག་གི་རྫོང་དང་ཤང་དང་གྲོང་རྡལ་གྱིས་ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ། ཚོད་ལྟའི་ས་ཁུལ་གྱི་ཞིང་དུད་མང་ཆེ་བའི་འགན་གཙང་ལེན་པའི་ས་ཞིང་སྤྱི་ཡོངས་ནས་དེ་བསྟུན་ནར་འགྱངས་གཏོང་བཞིན་ཡོད།

     ཨན་ཧུའེ་ཞིང་ཆེན་ཀོང་ཏེ་གྲོང་ཁྱེར་སི་ཧོ་ཤང་དུ། ས་ཞིང་འགན་གཙང་ལེན་རྒྱུ་ནར་འགྱངས་གཏོང་བའི་གན་རྒྱར་དྲ་ཐོག་ཏུ་མིང་རྟགས་འགོད་པའི་ལས་དོན་མཇུག་འགྲིལ་ཡོད། སི་ཧོ་ཤང་ཅའོ་ཚུན་གྲོང་ཚོའི་གྲོང་མི་ཝང་ཡུང་ཝང་གིས། རེས་སྐོར་གཉིས་པའི་ས་ཞིང་དེ་ད་ལྟ་ལོ་ངོ་སུམ་ཅུའི་འགན་གཙང་ལེན་པའི་དུས་ཡུན་འཁོར་རྒྱུག་བྱས་ཟིན་པས། བློ་ཁོག་ཆེན་པོས་འདེབས་འཛུགས་བྱེད་ཕོད་པ་དང་བློ་བདེ་པོ་འདུག་ཅེས་གསུངས་ཡོད།

     ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཡིན། ནང་སོག་ཤིན་ཨན་ས་ཁུལ་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་གྱི་ཝུའུ་ལན་ཧ་ཏ་ཚད་གཞི་མཐོ་བའི་ཞིང་ལས་གླིང་ཁུལ་གྱི་དུས་རིམ་གཉིས་པའི་དྲོད་ཁང་ཆེན་པོའི་ནང་དུ་ཤིང་ཏོག་ཨ་མྲའི་སྡོང་རྐང་རེ་རེ་བཞིན་སྐྱེ་འཚར་ཡག་པོ་བྱུང་ཡོད། སྤྱི་ལོ་2024ལོར། ཝུའུ་ལན་ཧ་ཏ་གྲོང་རྡལ་གྱིས་ཀྲུང་དབྱང་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྦྲེལ་མཐུད་མ་དངུལ་སྤྱད་དེ་རྣམ་གྲངས་དེ་གསར་དུ་བསྐྲུན་པ་རེད། མིག་སྔར། གླིང་ཁུལ་གྱིས་ཐོན་སྐྱེད་བྱས་པའི་ཤིང་འབྲས་དང་སྔོ་ཚལ་ས་གནས་དེ་གའི་མུ་འབྲེལ་ཚོང་ཁང་ཆེ་གྲས་དང་དྲ་ཐོག་སྟེགས་བུ་ནས་ཕྱིར་ཚོང་བྱེད་བཞིན་པ་དང་། གྲོང་ཚོ་མཉམ་སྡེབ་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་210འབབ་འཕར་བྱུང་ཡོད། ཝུའུ་ལན་ཧ་ཏ་གྲོང་རྡལ་ཀའོ་ཀེན་ཡིང་ཙི་གྲོང་ཚོའི་གྲོང་མི་ཀྲང་ཡུན་ཤིའུ་ཡིས། སྔོན་ཆད་ཚང་མ་ཕྱི་ལ་ཞོར་ལས་ལ་འགྲོ་དགོས་པ་དང་། ཡོང་འབབ་ཀྱང་དེ་ཙམ་གཏན་འཇགས་མེད། ད་ལྟ་རང་ཁྱིམ་ཉེ་འགྲམ་གྱི་ཞིང་ལས་གླིང་དུ་ཞོར་ལས་བྱས་ན་ལས་ཀ་བརྟན་པོ་ཡོད་པ་མ་ཟད། ཁྱིམ་ཚང་ལ་ལྟ་རྟོག་བྱེད་ཐུབ་པ་དང་། ཉིན་གཅིག་ལ་སྒོར་100ལྷག་ཙམ་རག་གི་འདུག་ཅེས་གསུངས་ཡོད།

     སྤྱི་ལོ་2024ལོར། རང་རྒྱལ་གྱི་གྲོང་གསེབ་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23119ཟིན་ནས་ལོ་གོང་མ་ལས་དོན་དངོས་ཐོག་བརྒྱ་ཆ་6.3འཕར་ཡོད།

     དེ་དང་ཆབས་ཅིག་སྡོད་རྒྱུ་དང་ལས་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལའང་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་དུ་ས་གནས་དེ་གའི་གྲོང་གསེབ་གཞུང་ལམ་སྒྱུར་བཀོད་དང་ལེགས་སུ་གཏོང་རྒྱུ་དེ་དམངས་འཚོའི་རྣམ་གྲངས་ཤིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ལོ་ཧྲིལ་པོར་གྲོང་གསེབ་གཞུང་ལམ་སྒྱུར་བཀོད་དང་ལེགས་སུ་གཏོང་རྒྱུ་སྤྱི་ལེ་52.8ལེགས་གྲུབ་བྱས་ཡོད། ཨན་ཅི་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་འཛུགས་སྐྲུན་དོ་དམ་ཁོའོ་ཡི་ལས་དོན་པ་མེང་ཡུས་ལེའང་གིས། ལོ་གསར་པར་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། གྲོང་གསེབ་གཞུང་ལམ་གསར་སྐྲུན་བསྐྱར་སྐྲུན་དང་ལོ་ཧྲིལ་པོའི་འཛུགས་སྐྲུན་བདག་སྐྱོང་འཆར་གཞི་སྤུས་མཐོའི་སྒོ་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

     སྤྱི་ལོ་2024ལོར། རང་རྒྱལ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ་དང་། གྲོང་གསེབ་ཀྱི་འགྲོ་ལམ་དང་། ཆུ་མཁོ་འདོན། ཡིག་ཟམ་སོགས་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། སྤྱི་ལོ་2025ལོ་ནི་དབུལ་གྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཉིས་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པའི་ལོ་ལྔའི་བར་བརྒལ་དུས་རིམ་གྱི་ལོ་མཐའ་མ་དེ་ཡིན། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཀྲང་ཤིན་ཝང་གིས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ཏེ། སྤུས་ཚད་མཐོ་པོའི་སྒོ་ནས“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”ཞིང་ལས་དང་གྲོང་གསེབ་གོང་འཕེལ་གཏོང་བའི་དམིགས་འབེན་དང་ལས་འགན་ཁག་ལེགས་སྒྲུབ་བྱ་དགོས་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།