ཟོག་འདྲེན་མ་གནས་དམའ་རུ་གཏོང་བ་དང་ལས་ཕྱོད་ཆེ་རུ་གཏོང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤྱི་ཚོགས་ཡོངས་ཀྱི་ཟོག་འདྲེན་མ་གནས་དམའ་རུ་གཏོང་རྒྱུ་ནི་དཔལ་འབྱོར་འཁོར་རྒྱུག་གི་ལས་ཕྱོད་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག འཁོར་རྒྱུག་གི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཟོག་སྦྲེལ་དྲ་བ་གོང་འཕེལ་མགྱོགས་པོ་གཏོང་བ། གཞི་གཅིག་འབྲེལ་མཐུད་ཀྱི་འཁོར་རྒྱུག་སྒྲིག་སྲོལ་དང་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ཟོག་འདྲེན་མ་གནས་དམའ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད། མིག་སྔར། ས་གནས་ཁག་གིས་ཟོག་འདྲེན་ཁྱབ་ཁོངས་ཀྱི་འགག་གནད་དང་དཀའ་གནད་སེལ་ནས། བསྒྱུར་བཅོས་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ། ཟོག་འདྲེན་མ་གནས་དམའ་གཏོང་དང་སྤུས་ཚད་མཐོར་གཏོང་། ལས་ཆོད་མཐོར་གཏོང་བཅས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད།

     ཉིན་ཤས་གོང་། རྒྱལ་ཁབ་ལྕགས་ལམ་ཨུ་ལུམ་ཆི་ཅུས་དང་ཧྲང་ཧའེ་ཡི་ཟོག་འདྲེན་ཁེ་ལས་ཤིག་གིས་ལྕགས་ལམ་གྱི་95306སྟེགས་བུའི་ཐོག་རྒྱལ་ཡོངས་ཀྱི་དོས་སྒམ་ཐབས་མང་མཉམ་འདྲེན་གྱི“གསལ་ཐོ་གཅིག”ཅན་གྱི་སྐྱེལ་ཐོ་ཐོག་མ་དེ་སྤྲད་ཡོད། དེ་ནི་ལྕགས་ལམ་གྱིས་ཟོག་འདྲེན་མ་གནས་དམའ་རུ་གཏོང་བའི་བསྒྱུར་བཅོས་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེའི་ཐོག་ནས་ལྕགས་ལམ་གྱི་ཐབས་མང་མཉམ་འདྲེན་གྱི“གསལ་ཐོ་གཅིག”ཅན་གྱི་བསྒྱུར་བཅོས་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་གྱི་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཟོག་འདྲེན་དང་ཐོན་ལས་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད།

     2023ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་གང་མགྱོགས་བཙུགས་ཏེ། རྣམ་པ་སྣ་ཚོགས་ཀྱི་ས་གནས་སྲུང་སྐྱོབ་དང་ཁྲོམ་ར་ཁག་བགོས་ཀྱི་སྣང་ཚུལ་མེད་པ་བཟོས་ནས། སྤྱི་ཚོགས་ཡོངས་ཀྱི་ཟོག་འདྲེན་མ་གནས་དམའ་རུ་ནུས་ལྡན་གཏོང་དགོས་ཞེས་བསྟན་གནང་ཡོད།

 

     ད་ལོའི་ཟླ་2པར། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཟོག་འདྲེན་ནི་དངོས་གཟུགས་དཔལ་འབྱོར་གྱི“རྩ་ལམ”ལྟ་བུ་ཡིན་ཞིང་། དེས་ཐོན་སྐྱེད་དང་འཛད་སྤྱོད་འབྲེལ་ཡོད་ལ། ནང་ཚོང་དང་ཕྱི་ཚོང་འབྲེལ་ཡོད་པས། ངེས་པར་དུ་སྤྱི་ཚོགས་ཡོངས་ཀྱི་ཟོག་འདྲེན་མ་གནས་དམའ་རུ་བཏང་ནས། ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཁོར་རྒྱུག་གི་ནུས་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

     ཟླ་7པར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གིས་སྔར་ལས་ལྷག་པའི་ངང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ནང་། འཁོར་རྒྱུག་གི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་ཟོག་འདྲེན་དྲ་བ་གོང་འཕེལ་མྱུར་པོ་གཏོང་བ། གཞི་གཅིག་འབྲེལ་མཐུད་ཀྱི་འཁོར་རྒྱུག་སྒྲིག་སྲོལ་དང་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཟོག་འདྲེན་མ་གནས་དམའ་རུ་གཏོང་དགོས་ཞེས་བཏོན་ཡོད།

 

     ད་ལོ་ནས་བཟུང་། རང་རྒྱལ་གྱིས་སྲིད་ཇུས་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་དུ་བཏོན་ནས། ཟོག་འདྲེན་གྱི་མ་གནས་དམའ་གཏོང་དང་སྤུས་ཚད་མཐོར་གཏོང་། ལས་ཕྱོད་ཆེར་གཏོང་བཅས་ལ་སྐུལ་འདེད་བཏང་ཡོད།

     ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྤྱི་ཚོགས་ཡོངས་ཀྱི་ཟོག་འདྲེན་མ་གནས་དམའ་རུ་ནུས་ལྡན་གཏོང་རྒྱུའི་བྱ་སྤྱོད་ཇུས་གཞི》པར་འགྲེམས་བྱས་པ་དང་།《བྱ་སྤྱོད་ཇུས་གཞིའི》ནང་ཕྱོགས་5ཡི་ཐད་ཀྱི་གཙོ་གནད་ལས་འགན་20བཏོན་ཡོད།

     རང་བྱུང་ཐོན་ཁུངས་པུས《རང་བྱུང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་དེང་རབས་ཟོག་འདྲེན་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ། ཕྱོགས་4ཡི་ཐད་ཀྱི་སྲིད་ཇུས་བྱེད་ཐབས་10བཏོན་ཡོད་ཅིང་། དེ་ནི་རྒྱལ་ཁབ་རིམ་པའི་སྐམ་ས་དང་མཚོ་ཐོག་གི་ཟོག་འདྲེན་རྒྱུ་རྐྱེན་གཙོ་བོར་འགན་སྲུང་བྱེད་པའི་ཆེད་དོན་ཡིག་ཆ་ཐོག་མ་དེ་ཡང་ཡིན་པ་རེད།

     ཟོག་འདྲེན་གྱི་འགག་གནད་ཤར་གཏོང་དང་དཀའ་གནད་སེལ་ཐུབ་པ་བྱ་ཆེད། མིག་སྔར་ས་གནས་ཁག་གིས་བསྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བཞིན་ཡོད།

     ཉེ་དུས། རྒྱལ་ཡོངས་ཀྱི་ཐོན་འབོར་ཆེ་བའི་ཚོང་ཟོག་ཐོན་ཁུངས་བཀོད་སྒྲིག་ལྟེ་གནས་དང་པོ་དེ་ཀྲེ་ཅང་དུ་བཙུགས་ནས་ཐོན་འབོར་ཆེ་བའི་ཚོང་ཟོག་ཐོན་ཁུངས་བཀོད་སྒྲིག་གི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད།

     ཀོང་ཞི་རུ། ས་གནས་དེ་གས་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་ལམ་རྒྱུད་ཀྱི་ཞིང་ཆེན་དང་མཉམ་དུ་མཚོ་ཐོག་དང་ལྕགས་ལམ་མཉམ་འདྲེན་གྱི“རིན་གོང་གཅིག”གི་ལམ་ཐིག་173བཏོད་དེ། སྐྱེལ་འདྲེན་བྱ་ཐབས་ཁག་དུམ་བུ་དབྱེ་ནས་འགྲོ་གྲོན་བརྩི་བ་དེ་བརྒྱུད་རིམ་ཧྲིལ་པོར་གཅིག་གྱུར་གྱི་འགྲོ་གྲོན་བརྩི་བར་སྒྱུར་རྒྱུར་སྐུལ་འདེད་བཏང་ཡོད།

     ཨན་ཧུའེ་རུ། གྲངས་འཛིན་ཅན་གྱི་སྟེགས་བུའི་ཞབས་ཞུ་བརྒྱུད་ཟོག་བདག་མི་འདྲ་བའི་དོས་སྒམ་ཟོག་གྲུ་གཅིག་གི་ནང་བླུགས་ཆོག་གི་ཡོད་པས། གྲུ་གཟིངས་ནང་བླུགས་ཚད་དེ་དེ་སྔའི་54%ནས་85%བར་མཐོ་རུ་ཕྱིན་ཡོད།

     ཟོག་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། ལག་རྩལ་གསར་པ་དང་བྱེད་སྟངས་གསར་པ་བཀོལ་སྤྱོད་བྱེད་མགྱོགས་སུ་ཕྱིན་ཡོད། 2027ལོར་སླེབས་སྐབས། སྤྱི་ཚོགས་ཟོག་འདྲེན་གྱི་སྤྱིའི་གྲོན་དངུལ་དང་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་ཚད་དེ་13.5%ཙམ་བར་ཆག་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།