འགྲིམ་འགྲུལ་བདེ་འཇགས་བརྗོད་གཞིར་བཟུང་བའི“རྨ་གཡང་རྟགས་མའི”ལྷུག་རྩོམ་འགྲན་སྡུར་སྐབས་དང་པོའི་བྱ་དགའ་སྟེར་བའི་མཛད་སྒོ་དང་འགྲུལ་བཞུད་ལམ་སྟོན་ལེ་ཚན་གྱི་བཞུགས་མོལ་ཚོགས་འདུ་བདེ་བླག་ངང་མཇུག་འགྲིལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
       
         2024ལོའི་ཟླ12ཚེས2ཉིན། རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ་ཐེངས་བཅུ་གསུམ་པ་བསུ་བའི་སྐབས་འདིར།    འགྲིམ་འགྲུལ་བདེ་འཇགས་བརྗོད་གཞིར་བཟུང་བའི“རྨ་གཡང་རྟགས་མའི”ལྷུག་རྩོམ་འགྲན་སྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་ཟི་ལིང་དུ་འཚོགས་པ་དང་ཆབས་ཅིག      ཚོགས་ཞུགས་མི་སྣ་རྣམས་ཀྱིས་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་ལས་དོན་དེ་ཇི་ལྟར་གཏིང་ཟབ་ལ་སྔར་ལས་ལྷག་པ་ཞིག་སྤེལ་ཐུབ་པའི་ཐད་ནས་བཞུགས་མོལ་བརྗེ་རེས་གཏིང་ཟབ་བྱས།     མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི《འགྲུལ་བཞུད་ལམ་སྟོན》ལེ་ཚན་གྱིས་ད་དུང་ཁུལ་དང་རྫོང་ཁག་གི་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཚན་པའི2024ལོའི་ལོ་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་ཐད་གཟེངས་སུ་ཐོན་པའི་སྔོན་ཐོན་ཐུན་མོང5དང་སྔོན་ཐོན་མི་སྒེར25ལ་གཟེངས་བསྟོད་གནང་བ་དང་། གཟི་བརྗིད་མཚན་སྙན་གྱི་མཚན་བྱང་དང་ལག་ཁྱེར་བསྩལ་ནས་སྐུལ་ལྕག་མཛད།

མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཏང་ཙུའི་ཁོངས་མིའམ་མགོ་གཙོ་གཞོན་པ་བློ་བཟང་དང་།    མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའི་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ལོ་བརྒྱ་ཚེ་རིང་།    མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་རྟ་ལོ་རྒྱལ་སོགས་འགོ་ཁྲིད་དང་རྩོམ་བསྡུའི་དཔྱད་ཞིབ་ཨུ་ལྷན་གྱི་ཆེད་མཁས་པ།    བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ།    ཞིང་ཆེན་ཡོངས་ཀྱི་ཁུལ་ཁག་གི་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འགོ་ཁྲིད།    རྫོང་ཁག་གི་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འཐུས་མི་བཅས་དང་དེ་བཞིན་སྨྱན་སྦྱོར་གྱི་གསར་འགོད་པ་དང་རྩོམ་སྒྲིག་པ་བཅས་མི50ལྷག་ཚོགས་འདུར་ཞུགས་ཏེ། སྟབས་གཅིག་ཏུ་བདེན་པའི་དཔང་པོར་མཛད།     

《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》འགྲེམས་བསྒྲགས་ལག་བསྟར་བྱས་ནས་ལོ་ཉི་ཤུ་འཁོར་བའི་དུས་འདིར།    རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པའི་འབོད་སྐུལ་དང་ལེན་ཧུར་ཐག་དང་། “བདེ་འཇགས་མཚོ་སྔོན”འཛུགས་བསྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་ཆེད།    མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི《འགྲུལ་བཞུད་ལམ་སྟོན》ལེ་ཚན་གྱིས་མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར་ལས་ཁུངས་དང་དེ་བཞིན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྨ་གཡང་ཁ་ལོ་བའི་སློབ་གྲྭ་དང་མཉམ་འབྲེལ་བྱས་ནས།     ཐེངས་འདིའི“ཁྲིམས་ཀྱི་བདེ་འཇགས་སྲུང་ཞིང་དཔལ་ཡོན་མཉམ་གནས།”ཞེས་པ་བརྗོད་གཞིར་བཟུང་བའི་ལྷུག་རྩོམ་འགྲན་སྡུར་ཇུས་འགོད་ཞིབ་ཚགས་བྱས་ཏེ་ད་ལོའི་ཟླ6པ་ནས་བཟུང་སྤེལ་འགོ་ཚུགས་ཤིང་། དེའི་རིང་དུ་རྒྱལ་ཡོངས་ས་གནས་ཁག་གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ།    གཞུང་ཞབས་པ།    དགེ་རྒན།    སློབ་མ།    འགྲིམ་འགྲུལ་ཉེན་རྟོག་པ།    འབྲོག་པ་མང་ཚོགས་སོགས་ནས་རྩོམ་ཡིག180བསྐུར་ཡོད་པ་དང་།     དེ་ལས་ཕུལ་བྱུང་བརྩམས་ཆོས45བོད་སྐད་རླུང་འཕྲིན་གྱི《འགྲུལ་བཞུད་ལམ་སྟོན》ལེ་ཚན་དང་དེའི་སྐད་འཕྲིན་སྤྱི་སྟེགས།    མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། དེ་མིན་སྨྱན་སྦྱོར་གསར་པའི་འཕྲིན་སྟེགས་སུ་བཀོད་ཡོད་ལ།      དྲང་བཞག་འདྲ་མཉམ་གྱི་ཞིབ་དཔྱད་ནན་མོ་བརྒྱུད་མཚོ་སྔོན་ཞིང་ཆེན་བོད་སྐད་ཡིག་གི་རྩོམ་པ་པོ་ལས་གྲུབ་པའི་ཞིབ་དཔྱད་ཨུ་ལྷན་གྱིས་མཐར་བྱ་དགའ་ཨང་དང་པོ་གཅིག་དང་།   ཨང་གཉིས་པ2། ཨང་གསུམ་པ3། ཕུལ་བྱུང་བྱ་དགའ16བཅས་བདམས་པ་དང་།      བྱ་དགའ་ཐོབ་པའི་བརྩམས་ཆོས་དེ་དག་གི་ཚིག་སྦྱོར་སྙན་ལ་འགྲིམ་འགྲུལ་བདེ་འཇགས་བྱ་གཞག་ལ་བཅངས་པའི་བརྩེ་དུང་ཤུགས་དྲག་ཅིང་ཤེས་རྟོགས་ཟབ་མོ་ཡོད་པས་སྤྱི་དམངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་བསྐྱེད་པར་དོན་སྙིང་གལ་ཆེན་ལྡན།    

2019ལོའི་ཟླ4པའི་ཚེས3ཉིན་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི《འགྲུལ་བཞུད་ལམ་སྟོན》ཞེས་པའི་ལེ་ཚན་གཏོང་འགོ་ཚུགས་པ་ནས་བཟུང་།    མང་ཚོགས་ལ་ཞབས་འདེགས་དང་བདེ་འཇགས་དྲིལ་སྒྲོག་གི་དམིགས་ཡུལ་གཙིགས་སུ་བཟུང་སྟེ།  ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་དང་མཉམ་དུ་རྒྱ་ཆེའི་རོང་འབྲོག་ཁུལ་གྱི་མང་ཚོགས་ལ་དུས་ཐོག་ཏུ་དབང་གྲགས་ལྡན་པའི་འགྲིམ་འགྲུལ་ཆ་འཕྲིན་གྱི་ཞབས་ཞུ་མཁོ་འདོན་དང་།     དོན་ཟབ་ལ་གོ་བདེ་བའི་ལམ་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཆེར་བསྐྱེད་ལ་འབད་པ་ལྷུར་ལེན་དང་། བདེ་འཇགས་ཀྱི་མཚོ་སྔོན་འཛུགས་སྐྲུན་ལ་ནུས་ཤུགས་ཅི་ཡོད་བཏོན།      

བྱ་དགའ་གནང་པའི་མཛད་སྒོའི་སྟེང་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་པ་དབང་གྲགས་ཚེ་རིང་གིས་འདི་སྐད། ཐེངས་འདིའི་བྱེད་སྒོ་བདེ་བླག་ངང་གཉེར་བའི་ངོས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོའི་ཐད་ཀྱི་བོད་སྐད་སྨྱན་སྦྱོར་གྱི་དགེ་མཚན་ཅི་རིགས་ཤིག་མངོན་ཡོད་པར་མ་ཟད།    “བདེ་འཇགས་མཚོ་སྔོན”འཛུགས་བསྐྲུན་ཕྱོགས་ལ་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད།   སླད་ཕྱིན།   བོད་སྐད་རླུང་འཕྲིན་ལས་ཁུངས་གྱིས་ཐེངས་འདིའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ལྷུག་རྩོམ་འགྲན་སྡུར་དང་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་ལས་དོན་གྱི་བཞུགས་མོལ་གོ་སྐབས་སུ་བཟུང་སྟེ་འགྲིམ་འགྲུལ་བདེ་འཇགས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་ཟབ་མོ་བྱས་ཏེ།     བྱ་སྤྱོད་དངོས་ཀྱི་སྟེང་ནས་བོད་སྐད་རླུང་འཕྲིན་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་འགྲིམ་འགྲུལ་བདེ་འཇགས་བརྒྱུད་སྤེལ་མཁན་དང་ལག་ལེན་པ་ཞིག་ཏུ་འགྱུར་བར་འབད་པ་དང་།  སྨྱུག་རྩེ་དང་སྨྲ་ལྕེ།  ལུས་ཀྱི་སྦྱོར་བ་གསུམ་གྱི་ཐོག་ནས་ཚེ་སྲོག་སྲུང་བའི་བདེ་འཇགས་ཀྱི་དྲ་བ་དམ་པོར་བཟོས་ཏེ། རྒྱ་ཆེའི་ཉན་པ་པོ་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་ནས་བདེ་འཇགས་ཡིན་ལ།   འཆམ་ཞིང་མཐུན་པ།    ཡ་རབས་ཚུལ་བཞིན་སྐྱོང་བའི་འགྲིམ་འགྲུལ་ཁོར་ཡུག་ཅིག་མཉམ་དུ་བསྐྲུན་འཆར་ཡོད་ཅེས་བརྗོད།    

གསར་འགོད་པ། ཁོན་ཐར་འཚོ། གཡང་སྐྱིད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།