མཚོ་སྔོན་གྱིས་ཟླ12པའི་རང་བྱུང་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་གནས་བབ་ལ་གྲོས་མོལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས27ཉིན་གྱི་ཕྱི་དྲོར། ཞིང་ཆེན་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་གནམ་གཤིས་ཅུའུ། ཞིང་ཆེན་མེ་འགོག་མེ་གསོད་རོགས་སྐྱོབ་སྤྱིའི་རུ་ཁག་སོགས་ཁོངས་གཏོགས་ལས་ཁུངས་གཙོ་བོ་བཅོ་ལྔ་རྩ་འཛུགས་བྱས་ནས་ཟླ12པའི་རང་བྱུང་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་ཐད་གྲོས་མོལ་ཞིབ་གཅོད་བྱས་ཤིང་། ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་ཉེན་ཁའི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། དོགས་ཟོན་དང་ཁ་གཏད་འཇལ་བའི་བྱེད་ཐབས་ལ་ཞིབ་འཇུག་བྱས།

ལོ་མཇུག་ཐོན་ལ་ཉེ་བས། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དར་རྒྱས་ཆེ་ཞིང་།  བྱ་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་། དོན་རྐྱེན་འབྱུང་སླ་བར་མ་ཟད་དོན་རྐྱེན་མང་པོ་འབྱུང་ཀྱིན་ཡོད་ལ། དགུན་དུས་མེ་སྐྱོན་དང་དྲོད་ཚད་དམའ་བའི་ཁངས་ཆར་འཁྱགས་རོམ་གྱི་ཉེན་ཁ་ཆེ་བས། བདེ་འཇགས་གནས་བབ་རྙོག་འཛིང་ཆེ། གྲོས་མོལ་ལས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲལ་བསྟུན་དོ་དམ་དང་བདེ་འཇགས་ཐོན་སྐྱེད། གནོད་འགོག་གནོད་སེལ་གནོད་སྐྱོབ་བཅས་ཀྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་སྟེང་མགྱོགས་མྱུར་ངང་གཅིག་གྱུར་ཡོང་བར་བྱེད་པ། མ་མཐའི་བསམ་བློ་དང་ཚད་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དགོས་གཏུག་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་གནས་བབ་ལ་དུས་རྣམ་ཀུན་ཏུ་མཉམ་འཇོག་བྱེད་པ་དང་ལྷོད་གཡེང་མི་བྱེད་པར་དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། བྱ་བའི་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཤུགས་བསྣན་ནས།  དངོས་ཡོད་འགུལ་སྐྱོད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་ལ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

དེ་དང་མཉམ་དུ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཕྱི་ནང་དུ་དོན་རྐྱེན་སྣ་ཚོགས་བྱུང་བའི་བསླབ་བྱ་སྡུད་ལེན་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་དང་བཅོས་སྐྱོང་ཟབ་སྤེལ། རྒྱུན་མཐུད་སྒོས་ཤུགས་འདོན་པ། ཞིབ་བཤེར་དང་བཀག་འགོག་ནན་མོ་བྱས་ཏེ། བདེ་འཇགས་ཉེན་ཁ་ཚབས་ཆེན་འབྱུང་བར་ནུས་ཤུགས་ཡོད་རྒུས་དོགས་ཟོན་བྱེད་དགོས། དཔེ་མཚོན་དོན་རྐྱེན་སྣ་ཚོགས་དང་ཅུང་ཚབས་ཆེ་བའི་གནོད་འཚེའི་དོན་རྐྱེན། ཉེན་ཁའི་དོན་རྐྱེན་ཚབས་ཆེན་བཅས་བརྒྱུད་ནས་བསླབ་བྱ་ལེན་པ་དང་། རང་ངོས་ཀྱི་བྱ་བར་ནན་ཏན་གྱིས་ཞིབ་བཤེར་བྱས་ནས། རང་ངོས་ནས་རྒྱུ་རྐྱེན་འཚོལ་བ་དང་དོན་འཁྱོལ་བྱེད་སྐབས་བར་ཁྱད་འཚོལ་བ། དོགས་ཟོན་བྱེད་སྐབས་ནུས་པ་དངོས་འདོན་པ་བཅས་བྱས་ཏེ། གནད་དོན་ངོ་མ་འཚོལ་བ་དང་གནད་དོན་ཐག་གཅོད་བྱེད་པ་དང་། ཚད་གཞི་མཐོ་ལ་བླང་བྱ་ནན་མོ། བྱེད་ཐབས་གཙོ་བོ་བཅས་ལ་བརྟེན་ནས་བདེ་འཇགས་དོགས་ཟོན་བྱ་བ་དམ་འཛིན་བྱེད་དགོས། ས་གནས་སོ་སོས་དྲོད་ཚད་དམའ་བའི་ཁངས་ཆར་འཁྱགས་རོམ་གྱི་གནོད་འཚེ་ལ་དོགས་ཟོན་བྱེད་པ་དང་ཁ་གཏད་འཇལ་བའི་ཇུས་གཞི་དངོས་འབེབས་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། དུས་ལྟར་ནུས་ལྡན་སྒོས་ཁ་གཏད་འཇལ་བར་ཁག་ཐེག་བྱེད་དགོས། ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཚོད་འཛིན་ནན་མོ་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་པའི་གནད་འཁེལ་སྟོབས་ཤུགས་གྲ་སྒྲིག་བྱས་ནས། མེ་སྐྱོན་སྔ་ས་ནས་སྔོན་འགོག་དང་ཆུང་ས་ནས་ཚོད་འཛིན་བྱེད་པར་ཁག་ཐེག་བྱས་ཏེ། ནགས་ཁུལ་གཙོ་བོའི་མེ་སྐྱོན་ཕྱོགས་བསྡུས་སྔོན་འགོག་ནུས་པ་རྒྱུན་མཐུད་སྒོས་མཐོར་འདེགས་གཏོང་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།