ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས21ཉིན་ནས་ཚེས25ཉིན་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་རིག་གནས་སྒྱུ་རྩལ་འགྲེམས་འཁྲབ་དུས་ཚིགས་བྱེད་སྒོ་པེ་ཅིན་རྒྱལ་ཡོངས་ཞིང་ལས་འགྲེམས་སྟོན་ཁང་དུ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཁྱད་ལྡན་ཐོན་རྫས་སྣ་ཁ20ལྷག་འགྲེམས་སྟོན་བྱས་ནས་ཚོང་པ་མང་པོ་བསུས།
ཡུས་ཧྲུའུ་ཁུལ་རིག་གནས་དང་ལུས་རྩལ་རྒྱང་སྒྲོག་བརྙན་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལྷ་མོ་མཚོས་ངོ་སྤྲོད་བྱས་པ་ལྟར་ན། ས་གཞི་ཆེན་པོའི་ཚོན་མདོག་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་རིག་གནས་སྒྱུ་རྩལ་གྱི་འགྲེམས་འཁྲབ་དུས་ཚིགས་དེ་ཟླ11པའི་ཚེས21ཉིན་མགོ་ཚུགས་པ་དང་། བྱེད་སྒོ་ཉིན5སྤེལ་རྒྱུ་ཡིན་ལ། ཡུས་ཧྲུའུ་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་སྣ་ཁ20ལྷག་བདམས་པ་དང་། དེས་མི་དེ་བས་མང་པོས་ཡུས་ཧྲུའུ་ཁུལ་ལ་རྒྱུས་ལོན་བྱེད་པ་དང་། ཡུས་ཧྲུའུ་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་རྒྱུས་ལོན་བྱེད་པར་མཐུན་རྐྱེན་སྐྲུན།
ཐེངས་འདིའི་ཡུས་ཧྲུའུ་འགྲེམས་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ360ཟིན་པ་དང་། འགྲེམས་ཁུལ་མང་པོ་བཀོད་སྒྲིག་ཞིབ་ཚགས་བྱས་པའི་ནང་རྒྱལ་ཁབ་རིམ་པའི་བོད་རིགས་རིག་གནས(ཡུས་ཧྲུའུ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་ཁུལ་དང་གཟུགས་འདས་ཤུལ་བཞག་རིག་གནས་བརྩམས་ཆོས་འགྲེམས་སྟོན་ཁུལ། ཞིང་ལས་ཐོན་རྫས་ཁེ་ལས་ཀྱི་འགྲེམས་ཁུལ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གླུ་གར་འཁྲབ་སྟོན་ཁུལ། ཡུས་ཧྲུའུ་ཁུལ་གྱི་མཛེས་ལྗོངས་ཁུལ་དང་ངོ་འཕྲད་གྲོས་མོལ་ཁུལ་བཅས་ཚུད་ཡོད། ཁམས་པའི་ཉམས་འགྱུར་གྱིས་ཕྱུག་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གླུ་གར་འཁྲབ་སྟོན་ཁུལ་དུ་མཛེས་པའི་སྟངས་སྟབས་ཀྱིས་ཕྱུག་པའི་ཞབས་བྲོའི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། ཡུས་ཧྲུའུ་ཁུལ་གྱི་སྲོལ་རྒྱུན་བོད་ཆས་གྱོན་པའི་ཁམས་པའི་ཕོ་གཞོན་དང་བུ་མོ་ཚོས་སྙན་འཇེབས་ལྡན་པའི་གར་སྟབས་དང་སྙན་འཇེབས་ལྡན་པའི་གླུ་སྒྲས་མི་རྣམས་ཀྱི་ཡིད་དབང་བཀུག
ངོ་མཚར་ཆེ་བའི་ཞབས་བྲོ་ལས་གཞན། ཡུས་ཧྲུའུ་ཁུལ་གྱི་བོད་རིགས་རྒྱན་གོས་འགྲེམས་སྟོན་ཡང་མི་རྣམས་ཀྱི་མིག་ལམ་དུ་མངོན་ཞིང་། ལག་ཤེས་བཟོ་རྩལ་གྱིས་བསླས་འཐག་བྱས་པའི་ཁུ་ལུ་དང་བལ་གྱི་གྱོན་ཆས། རྒྱན་ཆ་སོགས་ནི་རྒྱུ་ཆ་འཇམ་ཞིང་། བཟོ་ལྟ་དང་མཛེས་རྒྱན་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། གོང་བ་དང་ཕུ་ཐུང་གི་ནང་དུ་འཚེམ་དྲུབ་ཞིབ་ཚགས་བརྒྱབ་པའི་རི་མོ་དང་། ཡང་ན་བཀྲ་ཤིས་མཚོན་པའི་རིན་ཆེན་བརྒྱད་ཀྱི་རི་མོ། ཡང་ན་བདེ་སྐྱིད་མཚོན་པའི་མེ་ཏོག་གི་རི་མོ་བཅས་དེ་དག་ལས་བོད་རིགས་བུད་མེད་ཚོའི་བློ་གྲོས་འདུས་ཡོད།
ཡུས་ཧྲུའུ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་ཀྱི་གྲོང་གསེབ་རིག་གནས་སྒྱུ་རྩལ་གྱི་འགྲེམས་འཁྲབ་དུས་ཚིགས་སུ་འགྲེམས་སྟོན་བྱས་པ་དང་། དེས་མི་དེ་བས་མང་པོ་ཞིག་ཡུལ་དེའི་ཕུན་སུམ་ཚོགས་ལ་ཡིད་དབང་འཕྲོག་ནུས་པའི་རིག་གནས་ཀྱི་གཏེར་མཛོད་མཐོང་ཐུབ། དེ་ནི་དྲོ་ཞིང་འཇམ་པའི་བསིལ་རླུང་ཞིག་དང་འདྲ་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་རིག་གནས་སྒྱུ་རྩལ་སྤེལ་རེས་དང་མཉམ་འདྲེས་བྱ་ཆེད་གསོན་ཤུགས་གསར་པ་སྦྱིན་པ་མ་ཟད། སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་སྟེང་ཡུས་ཧྲུའུ་ཁུལ་གྱི“ཁྱད་ལྡན”ལ་སྐྱེ་སྟོབས་གྱི་དཔལ་འབར་བདང་བཀྲག་མདངས་གསར་པ་འཕྲོ་བར་བྱས། །