——གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བསྐྱོད་པ།
ཐུབ་བསྟན་དཔལ་མོས“བཀྲ་ཤིས་ཆུང་བར”གཟན་ཆས་སྟེར་བཞིན་པ།
ཟླ11པའི་ཚེས17ཉིན་གྱི་ཞོགས་པར། ང་ཚོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ནས་ལམ་ལ་ཆས་ཏེ་ཆུ་ཚོད་གཅིག་ལྷག་ཙམ་སོང་རྗེས། འབའ་དགོན་ཞང་མཐུན་སྒྲིལ་སྡེ་བའི་ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོའི་ས་ཚིགས་སུ་འབྱོར་ཏེ། “བཀྲ་ཤིས་ཆུང་བ”དང་ཐེངས་དང་པོར་འཕྲད་པ་ཡིན།
“བཀྲ་ཤིས་ཆུང་བའི” མིག་ཟུང་རྒྱ་སྨུག་ཏུ་ཡོད་པ་ནི་མདོག་ཟབ་པའི་སྤོས་ཤེལ་ཞིག་དང་འདྲ་ལ། རྫི་མ་རིང་ཞིང་འཁྱིལ་བ་དང་། མིག་ཟུང་ཆེན་པོ་ནི་འོད་ཀྲིག་ཀྲིག་བྱེད་ཅིང་མཆིས། རྐང་ལག་བཞི་བོ་རིང་ཞིང་བདེ་ལྕག་འཁྱུག་པ་དང་། རྣ་བ་གཉིས་ཀྲོག་ཀྲོག་གིས་ལངས་ཏེ་རྣམ་རིག་ཅིག་རྒྱས་འདུག རྒྱབ་དང་མགོའི་སྤུ་ཁ་ཁམ་སྨུག་དང་གསུས་ངོས་དཀར་རྐྱང་དུ་ཡོད་ལ། ང་ཚོ་ཁོའི་ཉེ་སར་བཅར་བ་ན། ཁོས་རྭ་ཅོ་དལ་བུར་ཚུར་གཡུགས་ནས་ཡོང་བ་ནི་བྱིས་པ་ཞིག་གིས་ཨ་མར་གཅེས་སློང་བ་དང་ཀུན་ནས་མཚུངས།
“བཀྲ་ཤིས་ཆུང་བ”ནི་ལྷ་ཇོ་བོ་སློབ་གསོའི་ས་ཚིགས་ཀྱིས་བསྐྱབས་པའི་གནའ་བ་ཞིག་ཡིན་ཞིང་། ད་ལྟ་ལོ་གཅིག་དང་ཟླ་བ་ལྔ་ཙམ་ལ་སོན་འདུག
ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོའི་ས་ཚིགས་ནི་འབྲི་ཆུའི་རྒྱུད་ཀྱི་འགག་རྩའི་གསོ་འཁྱོངས་ཁུལ་ཞིག་ཡིན་པའི་ཆ་ནས། སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་ལ་རིགས་སྣ་མང་བ་དང་། རི་བོ་མཐོ་ཞིང་འགྱིང་ངེར་གནས་པ།རྩྭ་ཐང་མུ་མཐའ་མེད་པ། ལྗོན་ཤིང་སྔོ་ཐིང་ཐིང་དུ་སྐྱེས་པ་བཅས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁོངས་ཀྱི་གྲས་ཤིག་རེད།
2023ལོའི་ཟླ6པའི་ཚེས17ཉིན། ཚིགས་དཔོན་བཀྲ་ཤིས་རྒྱལ་གྱིས་རུ་སྣེ་ཁྲིད་དེ་གླང་ཆེན་རི་བོར་སྐོར་སྲུང་བྱེད་པའི་སྐབས་སུ། བདེ་ཆུའི་ཕ་རོལ་ཏེ་ཡུལ་དེའི་མི་རྣམས་ཀྱིས་འབྲུག་ཁྱུང་བྲག་ཕུག་ཅེས་འབོད་པ་དེ་རུ། ཁོ་ཚོས་གསའ་ཡིས་བསད་པའི་གནའ་བ་གསུམ་བཞི་ཞིག་རྙེད། རུ་མི་ཚོས་རྒྱུན་སྲོལ་ལྟར་པར་ལེན་ཟིན་ཐོ་བཀོད་རྗེས་ཡུལ་དེར་ཁ་འབྲལ་རྩིས་བྱེད།
“མུའེ། མུའེ། མུའེ”
“ཁ་རོག འབའ་སྐད་ཅིག་གྲག་གིན་འདུག”
བཀྲ་ཤིས་རྒྱལ་གྱིས་འབའ་སྐད་གཉོམ་པོ་གྲག་ས་དེ་བཙལ་ནས་སོང་བ་ན། གནའ་བ་བསད་པའི་སྨི20མཚམས་ཀྱི་བྲག་ཁུང་ཞིག་ཏུ་གནའ་ཕྲུག་ཅིག་ཡོད་པ་མཐོང་། ཁོ་ཚོ་མཐོང་འཕྲལ་གནའ་ཕྲུག་འབྲོ་རྩིས་བྱས་མོད། འོན་ཀྱང་ལུས་སྟོབས་ཧ་ཅང་ཞན་པའི་དབང་གིས་འབྲོ་འདོད་ཀྱང་གོམ་པས་མ་འཁྱོགས་པར་ཁ་མལ་དུ་མི་སྡོད་ག་མེད་བྱུང་། རུ་མི་ཞིག་གིས་ཚོད་དཔག་བྱས་ཏེ། ལུ་གུའི་ཨ་མ་གསའ་ཡི་ཁ་ཟས་སུ་གྱུར་ཚར་ལ། ཨ་མས་ཕྲུ་གུ་སྐྱོབ་ཆེད་ཨི་ཁུང་འདིའི་ནང་སྦས་པ་རེད་ཟེར།
གནའ་བ་ཆུང་ཆུང་དེ་ཨ་མ་མེད་པའི་དྭ་ཕྲུག་ཏུ་གྱུར་པས་འཚོ་གནས་བྱེད་དཀའ་བའི་ཚད་དུ་ལྷུང་། བཀྲ་ཤིས་རྒྱལ་གྱིས་སྙིང་རྗེ་ཚད་མེད་སྒོས་གནའ་ཕྲུག་པང་སྟེ་ཁྱིམ་ལ་འཁྱེར་ཡོང་རྗེས། མགྱོགས་མྱུར་དེར་དྲོ་སྐྱིད་ལྡན་པའི་སྡོད་ས་ཆུང་ཆུང་ཞིག་བཟོས་ཤིང་། དེ་ནས་ཀམ་པ་ལི་འཇམ་པོ་ཞིག་གིས་གཡོགས་པ་དང་། ཡང་འབྲི་འོ་ཁོལ་མར་བསྲོས་ཏེ་བླུད་ཅིང་། དུས་དེ་ནས་བཟུང་ཁོས“གནའ་བ་ཆུང་ཆུང་གི་ཨ་ཕའི”འགན་འཁུར་བྱུང་།
བཀྲ་ཤིས་རྒྱལ་གྱི་ལྟ་སྐྱོང་ཞིབ་ཚགས་འོག གནའ་ཕྲུག་འཚར་ལོངས་ཡག་པོ་བྱུང་ཞིང་། ཉིན་རེའི་ཟས་ཐུན་གསུམ་པོར་འབྲི་འོ་བླུད་པས། ཟླ་ངོ་གཅིག་ཙམ་གྱི་རིང་ལ། གནའ་བ་ཆུང་ཆུང་ལ་གཉོམ་ལག་རྒྱས་ཏེ་རང་ཁྱིམ་གྱི་སྡོད་ས་དེ་རུ་ཁོ་རང་གར་ལ་རྩེན་སའི་བར་སྟོང་མེད་པ་ལྟར་གྱུར་པས། བཀྲ་ཤིས་རྒྱལ་གྱིས་གནའ་ཕྲུག་ཁྲིད་དེ་སྐྱེ་ཁམས་སློབ་གསོའི་ས་ཚིགས་སུ་སོང་ཞིང་། དེ་ནས་བཟུང་ཁོ་ནི་ས་ཚིགས་དེའི“བཀྲ་ཤིས་མཚོན་རྟགས”ལྟ་བུར་གྱུར།
“ཁོ་ལ་མིང་ཞིག་འདོགས་རོགས།”
“ཤིང་ལེབ་ཀྱིས་ཁོར་ཁང་པ་ཆུང་ཆུང་ཞིག་རྒྱག་དགོས།”
“ཁོ་ལོ་ག་ཚོད་ལ་སླེབས་ཚེ་གཞི་ནས་རྩྭ་ཟ་རྒྱུ་ཡིན་ནམ།”
གནའ་བ་ཆུང་ཆུང་དེ་མ་ཉིད་དུ་སྐྱེ་ཁམས་སློབ་གསོའི་ས་ཚིགས་ཀྱི་མི་རྣམས་ཀྱིས་དགའ་པོ་བྱེད་སར་གྱུར་ཅིང་། ཁོ་ནི་བཀྲ་ཤིས་རྒྱལ་གྱིས་བསྐྱབས་ཡོང་བ་ཞིག་ཡིན་པས་ཚང་མས་ཁོ་ལ“བཀྲ་ཤིས་ཆུང་བ”ཞེས་མིང་བཏགས་ལ། ཐུབ་བསྟན་དཔལ་མོས་ཁོ་ལ་ཆེད་དུ་ལྟ་སྐྱོང་བྱེད་པའི་ལས་འགན་ལྗིད་མོ་དེ་ཁུར་ཡོད།
ཐུབ་བསྟན་དཔལ་མོ་ནི་ཆུ་དམར་ལེབ་རྫོང་གཡུ་དགེ་ཞང་གི་སློབ་གྲྭ་ཆེན་མོ་བ་ཞིག་ཡིན་པ་དང་། 2021ལོར་ཞན་ཉིང་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་པ་རེད། ན་ནིང་གི་ཟླ3པར། མོ་སྐྱེ་ཁམས་སློབ་གསོའི་ས་ཚིགས་སུ་དང་བླངས་པ་བྱེད་དུ་ཡོང་བ་དང་། རིམ་བཞིན་ས་ཚིགས་ལ་ཧ་ཅང་དགའ་པོ་བྱུང་སྟེ། མཇུག་མཐར་ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོའི་ས་ཚིགས་སུ་བསྡད་དེ་རང་བྱུང་སློབ་གསོའི་གསོ་སྦྱོང་དགེ་རྒན་ཞིག་ཏུ་གྱུར་ཡོད།
ཐུབ་བསྟན་དཔལ་མོ“ཉིན་རྒྱུན་ཞོགས་པའི་ཆུ་ཚོད8དང་སྐར་མ30ཡི་ཐོག་ལས་ཀར་ཞུགས་དགོས་པ་དང་། ‘བཀྲ་ཤིས་ཆུང་བ’ཡང་མོ་དང་འགྲོགས་ནས་ལས་ཀར་ཞུགས་ཀྱིན་ཡོད་དེ། ཞོགས་པ་སྔ་མོ་ནས་སྡོད་ཁང་ལས་ཕྱིར་བུད་དེ་འགུལ་སྐྱོད་བྱེད་དུ་འཇུག་དགོས། ‘བཀྲ་ཤིས་ཆུང་བས’རྟག་ཏུ་ཟ་ཁང་འགྲམ་གྱི་དེའུ་འབུར་དེའི་སྟེང་བག་ཕེབས་ངང་རྩྭ་ཟ་བཞིན་ཡོད་ལ། དེ་རུ་རྩྭ་མོད་པོ་སྐྱེས་ཡོད་པ་མ་ཟད། ད་དུང་བྲག་རྡོའང་ཡོད་པས་ཁོའི་འཚོ་བའི་གོམས་གཤིས་དང་ཧ་ཅང་འཕྲོད་པར་འདོད”ཅེས་ཐུབ་བསྟན་དཔལ་མོས་འཛུམ་དམུལ་དམུལ་གྱིས་ལས་རོགས་ཚོར་དེ་ལྟར་བཤད།
ད་ལྟ“བཀྲ་ཤིས་ཆུང་བ”ནི་ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོའི་ས་ཚིགས་ཀྱི“སྣང་བརྙན་མགྲིན་ཚབ་པར”གྱུར་ཡོད་ལ། སློབ་སྦྱོང་བྱེད་དུ་ཡོང་བའི་སློབ་མ་དང་དང་བླངས་པའི་ཡིད་དབང་རབ་ཏུ་ཕྲོགས་ཏེ་ཁོ་དང་མཉམ་དུ་རྩེད་དགར་རོལ་བཞིན་ཡོད།
ཐུབ་བསྟན་དཔལ་མོས་འཛུམ་དམུལ་དམུལ་ངང“ཉིན་རྒྱུན་སློབ་ཁྲིད་འཚོགས་པའི་སྐབས་སུ། ‘བཀྲ་ཤིས་ཆུང་བས’སྒོ་རའི་ནང་ཁ་རོག་གེར་ང་ཚོར‘སློབ་རོགས’བྱེད་ཀྱི་ཡོད་པས། ང་ཚོས་ཁོ་ལ་སློབ་གསོའི་ས་ཚིགས་ཀྱི‘སེམས་སྐྱིད་ཤིང་འབྲས’དང‘གཅེས་ཕྲུག’ཅེས་འབོད་ཀྱི་ཡོད་ཅེས་བཤད།