མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་11ཚེས་26ཉིན་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད།
ཞི་ཅིན་ཕིང་གིས། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་གནད་དོན་གྱི་འགག་རྩ་ ཡིན་པས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་འབྲེལ་བ་ཡོད། མིག་སྔར་འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཕྱོགས་ཡོངས་དང་ནུས་ལྡན་གྱི་སྒོ་ནས་ལག་ལེན་བསྟར་ནས། གང་མགྱོགས་དམག་མཚམས་འཇོག་པ་དང་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་གཏོང་རྒྱུ་དེ་རེད། རྩ་བའི་ཐར་ལམ་ནི“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཕ་ལེ་སི་ཐན་གྱི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། 1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཤར་ཅེབ་རུ་ས་ལམ་རྒྱལ་སར་བྱེད་པ་དང་བདག་དབང་ཆ་ཚང་ལྡན་པའི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་བཙུགས་ཐོག ཕ་ལེ་སི་ཐན་མི་དམངས་ཀྱི་རྒྱལ་ཁབ་འཛུགས་པའི་དབང་ཆ་དང་། འཚོ་གནས་དབང་ཆ། ཕྱིར་ལོག་དབང་ཆ་བཅས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཕ་ལེ་སི་ཐན་མི་དམངས་ཀྱི་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕ་ལེ་སི་ཐན་གྱི་ཤོག་ཁག་ཁག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། 《ཁ་ཕྲལ་མཇུག་འགྲིལ་ནས་ཕ་ལེ་སི་ཐན་གྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་པེ་ཅིང་གི་བསྒྲགས་གཏམ》དོན་འཁྱོལ་བྱེད་པ། ནང་ཁུལ་འདུམ་འགྲིག་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོས་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དངོས་ལ་འགྱུར་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། གཞི་ཁྱོན་སྔར་ལས་ཆེ་བ་དང་། དབང་གྲགས་སྔར་ལས་ཆེ་བ། ཕན་འབྲས་སྔར་ལས་ཆེ་བ་བཅས་ཀྱི་རྒྱལ་སྤྱིའི་ཞི་གྲོས་འཚོག་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དམག་འཁྲུག་ཞོད་འཇགས་སུ་གཏོང་བ་དང་དམར་གསོད་མཚམས་འཇོག་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་ཉམ་ཐག་མི་སེར་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ་ཡིས་མུ་མཐུད་ཀ་ཧྲ་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ཕ་ལེ་སི་ཐན་གྱི་གནད་དོན་དེ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི” ཡང་དག་པའི་འཁོར་ལམ་ཐོག་ལོག་ནས། ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་སྔ་ཙམ་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།