མཚོ་སྔོན་གྱིས་མི་འབོར་འགྲོ་འོང་གི་བྱིས་པར་གཅེས་སྐྱོང་བྱ་བའི་སྲིད་ཇུས་ཐོག་མ་བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ11ཚེས26ཉིན། ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་དང་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་སོགས་སྡེ་ཚན22དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱིས་མི་འབོར་འགྲོ་འོང་གི་བྱིས་པར་གཅེས་སྐྱོང་བྱ་བར་ཤུགས་སྣོན་པའི་བྱེད་སྤྱོད་ལག་བསྟར་སྐོར་གྱི་ཇུས་གཞི》བཏོན་ཞིང་། དེ་ནི་རང་ཞིང་གིས་མི་འབོར་འགྲོ་འོང་བྱིས་པར་གཅེས་སྐྱོང་བྱ་བའི་སྲིད་ཇུས་ཐོག་མ་ཡིན་པ་དང་།  ཞིང་ཆེན་ཡོངས་ཀྱི་མི་འབོར་འགྲོ་འོང་གི་བྱིས་པའི་ཁེ་དབང་སྲུང་སྐྱོབ་དང་ཐུགས་ཁུར་ཟབ་མོའི་ཞབས་ཞུ་སྤུས་ལེགས་ལོངས་སུ་སྤྱོད་པར་རམ་འདེགས་ནུས་ལྡན་བཏོན།

《ལག་བསྟར་ཇུས་གཞི》ཡིས་ཁྱིམ་ཐོ་རང་ས་རང་ཡུལ་དུ་བསྐྱར་ཞིང་ཕ་མ་དང་མཉམ་དུ་གཞན་ཡུལ་དུ་འཚོ་སྡོད་བྱེད་པའི་བྱིས་པའི་སློབ་གསོ་དང་། སྨན་བཅོས། འཚོ་བའི་འགན་སྲུང་ལ་སོགས་གཞི་རྩའི་སྤྱི་གཞུང་ཞབས་ཞུ་འདོན་སྤྲོད་ཕྱོགས་ཀྱི་བར་ཁྱད་ཇེ་ཆུང་དུ་བཏང་སྟེ།  ལས་འགན་གཙོ་བོ་ཁག14བཀོད་སྒྲིག་བྱ་རྒྱུ་མ་ཟད།  “ཆུང་བྱིས་པར་སྐྱོང་མཁན་ཡོད་པ་དང་། བསླབ་པ་ལ་ཁྲིད་མཁན་ཡོད་པ།  ན་ཚ་ནད་ལ་བཅོས་མཁན་ཡོད་པ།  འཚོ་སྡོད་ལ་ཁང་པ་ཡོད་པ།  ཉམས་ཆུང་ལ་རྒྱབ་སྐྱོར་ཡོད་པ།  འཕེལ་རྒྱས་ལ་འགན་སྲུང་ཡོད་པ”སོགས་ཕྱོགས་དྲུག་ནས་ཐུགས་ཁུར་ཞབས་ཞུ་རྣམ་གྲངས21ཅན་གྱི“མཚོ་སྔོན་གྱི་གསལ་ཐོ”ཚགས་སྒྲིག་ཞིབ་ཕྲ་བཀོད་དེ། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་མི་འབོར་འགྲོ་འོང་གི་བྱིས་པའི་ཁེ་དབང་སྲུང་སྐྱོང་དང་གཅེས་སྐྱོང་བྱ་བར་ཕྱོགས་སྟོན་གནང་ཡོད། 

《ལག་བསྟར་ཇུས་གཞི》ཡི་ནང2026ལོའི་བར་དུ་མི་འབོར་འགྲོ་འོང་གི་བྱིས་པའི་འབྲེལ་ཡོད་སྲིད་ཇུས་ལམ་ལུགས་སྔར་ལས་ལེགས་སྒྱུར་འཐུས་ཚང་དུ་བཏང་སྟེ།  གཅེས་སྐྱོང་ཞབས་ཞུ་བྱ་བ་གནད་ལ་འཁེལ་བ་བྱ་རྒྱུ་དང་།  གནད་འགག་གི་ཁྱབ་ཁོངས་སུ་དམངས་ཕན་བྱེད་ཐབས་སྔར་ལས་འདྲ་མཉམ་དང་དོ་མཉམ་ཡོང་བ་དང་།  བྱིས་པའི་ཆ་འཕྲིན་གྱི་རྩིས་ཐོ་སྔར་ལས་གནད་ལ་འཁེལ་བ།  གཞི་རིམ་གྱི་རྨང་གཞི་སྒྲིག་ཆས་སྔར་ལས་སྲ་ཞིང་བརྟན་པ།  མི་འབོར་འགྲོ་འོང་གི་བྱིས་པ་གཅེས་སྐྱོང་གི་སྤྱིའི་ཆུ་ཚད་མངོན་གསལ་ཇེ་མཐོར་གཏང་ཐུབ་པ་བཅས་བྱ་རྒྱུ་དང་།    2035ལོར་བསླེབས་དུས།   མི་འབོར་འགྲོ་འོང་གི་བྱིས་པ་གཅེས་སྐྱོང་བྱ་བར་ཕན་འབྲས་མངོན་གསལ་བླངས་ཏེ།  གཅེས་སྐྱོང་མ་ལག་འཐུས་ཚང་དང་གཞི་རྩའི་སྤྱི་གཞུང་ཞབས་ཞུ་སྔར་ལས་ཆ་སྙོམས་ཤིང་སྤུས་ལེགས་པར་བཟོས་ནས་མི་འབོར་འགྲོ་འོང་གི་བྱིས་པའི་བདེ་ཐང་གོང་སྤེལ་གྱི་ཁེ་དབང་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱ་རྒྱུ་གསལ་འབེབས་བྱས་འདུག 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།