ཟླ11པའི་ཚེས26ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕཱ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”རྗེས་དྲན་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཕཱ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་གནད་དོན་གྱི་འབྱུང་རྩ་ལྟ་བུ་ཡིན་པས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འབྲེལ་བ་ངེས་ཅན་ཡོད། མིག་སྔར་འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ཉག་གཅིག་ནི། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱས་ཏེ། གང་མགྱོགས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དང་དམག་འཁྲུག་རྒྱག་མཚམས་བཞག་ནས་ས་ཁུལ་གྱི་གནས་སྟངས་ཞི་ལྷོད་ཅན་དུ་གཏོང་རྒྱུ་དེ་ཡིན། རྩ་བའི་བགྲོད་ལམ་ནི“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཕཱ་ལེ་སི་ཐན་གྱི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། 1967ལོའི་མཐའ་མཚམས་རྨང་གཞི་བྱས་ཏེ་ཡེ་ལུའུ་ས་ལེམ་ཤར་མ་རྒྱལ་སར་བྱེད་པ་དང་བདག་དབང་ཆ་ཚང་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་རང་བཙན་གྱི་ཕཱ་ལེ་སི་ཐན་གྱི་རྒྱལ་ཁབ་བཙུགས་ནས། ཕཱ་ལེ་སི་ཐན་མི་དམངས་ཀྱི་རྒྱལ་འཛུགས་དབང་ཆ་དང་འཚོ་གནས་དབང་ཆ། ཕྱིར་ལོག་དབང་ཆ་བཅས་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱི་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་ཅིང་། ཕཱ་ལེ་སི་ཐན་གྱི་ཤོག་ཁག་སོ་སོའི་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ།《སིལ་བུར་འཐོར་བ་མཇུག་བསྡུས་ནས་ཕཱ་ལེ་སི་ཐན་གྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་པེ་ཅིང་གི་བསྒྲགས་གཏམ》དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ནང་ཁུལ་འདུམ་འགྲིག་ཡོང་བར་བྱ་རྒྱུ་ཡིན། ཀྲུང་གོས་ཕཱ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ངོ་མ་རུ་འགྱུར་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། གཞི་ཁྱོན་སྔར་ལས་ཆེ་བ་དང་དབང་གྲགས་སྔར་ལས་ལྡན་པ། ཕན་འབྲས་སྔར་ལས་ཆེ་བ་བཅས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཚོགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དམག་འཁྲུག་ཞི་འཇགས་སུ་གཏོང་བ་དང་དམར་གསོད་བྱེད་མཚམས་འཇོག་རྒྱུའི་ཐད་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཕཱ་ལེ་སི་ཐན་གྱི་ཤར་ཕྱོགས་ཀྱི་ཉེ་ས་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉམ་ཐག་མི་སེར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡིས་མུ་མཐུད་ཅཱ་ཧྲའི་མི་དམངས་ལ་མི་ཆོས་ཀྱི་རོགས་སྐྱོར་བྱེད་ཀྱིན་པའི་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕཱ་ལེ་སི་ཐན་གྱི་གནད་དོན་དེ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”ཡང་དག་པའི་ལམ་སྲོལ་སྟེང་ལོག་ཐུབ་པའི་ཐད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་དང་དྲང་གཞག རྒྱུན་མཐུད་ཐུབ་པ་བཅས་ཀྱི་སྒོ་ནས་ཐག་གཅོད་ཐུབ་པར་འབད་རྒྱུ་ཡིན་ཞེས་ནན་བཤད་གནང་།