ཡུལ་ཤུལ་གྱི་རྐང་རྩེད་སྤོ་ལོའི་དམིགས་བསལ་འཇོན་ནུས་ལྡན་པ་སླར་ཡང་་་

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

 

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། སློབ་གྲྭའི་རྐང་རྩེད་སྤོ་ལོའི་འགྲན་རྩོད་སྦྱོང་བརྡར་དང་རྐང་རྩེད་སྤོ་ལོའི་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་འཐུང་ཚང་འཛུགས་པ། སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཐད་ཀྱི་འཇོན་ནུས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཉེ་ཆར་ཡུལ་ཤུལ་ཁུལ་སློབ་གསོ་ཅུས་ཀྱིས་རྐང་རྩེད་སྤོ་ལོའི་དམིགས་བསལ་འཇོན་ལྡན་པའི་སློབ་མ་23དང་ལུས་རྩལ་དགེ་རྒན་7སྒྲིག་འཛུགས་བྱས་ནས། པེ་ཅིང་གོ་ཨན་ཚོགས་པར་དུས་ཡུན་ཉིན་15ཡི་རིང་གཅིག་སྡུད་སྦྱོང་བརྡར་ནང་ཞུགས་པར་བསྐྱོད་ཡོད།

 

ད་ཐེངས་ཡུལ་ཤུལ་ཁུལ་གཞོན་ནུ་ལོ་ཆུང་རྐང་རྩེད་སྤོ་ལོའི་རུ་ཁག་པེ་ཅིང་དུ་གཅིག་སྡུད་ཐོག་སྦྱོང་བརྡར་བྱེད་པར་བསྐྱོད་པ་ནི་ཐོབ་པར་དཀའ་བའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་རྐང་རྩེད་སྤོ་ལོའི་རིག་གནས་སྤེལ་རེས་ཀྱི་གོ་སྐབས་ཤིག་ཡིན་པས། གཞོན་ནུ་ལོ་ཆུང་ལ་རང་ཉིད་འགྲེམས་སྟོན་དང་རྩལ་ནུས་ཆེ་རུ་གཏོང་བའི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད་པ་མ་ཟད། དེ་བས་པེ་ཅིང་གི་རིག་གནས་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་རིག་གནས་སྤེལ་རེས་དང་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་རེད།

 

ཡུལ་ཤུལ་ཁུལ་སློབ་གསོ་ཅུས་ཀྱིས་སྤྱི་ལོ་2023ལོར་པེ་ཅིང་གི་ཁ་གཏད་རོགས་སྐྱོར་རྣམ་གྲངས་བརྒྱུད། པེ་ཅིང་གོ་ཨན་རྐང་རྩེད་སྤོ་ལོའི་ཚོགས་པ་དང་གཞོན་ནུའི་སྦྱོང་བརྡར་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད། ལོ་ལྟར་རྐང་རྩེད་སྤོ་ལོའི་དམིགས་བསལ་ཤེས་ཡོན་ལྡན་པའི་སློབ་མ་དང་ཕུལ་བྱུང་ལུས་རྩལ་དགེ་རྒན་འགའ་ཞིག་ཚོགས་པ་དེ་རུ་གཅིག་སྡུད་སྦྱོང་བརྡར་དང་ལེན་བྱེད་པར་འདེམས་གཏོང་བྱེད་ཀྱི་ཡོད། རྣམ་གྲངས་དེ་ལག་བསྟར་བྱས་པ་དེས་ཡུལ་ཤུལ་གྱི་གཞོན་ནུ་སློབ་ཕྲུག་ཚོས་རྐང་རྩེད་སྤོ་ལོའི་བྱེད་སྒོར་བརྟེན་ནས། ཕྱི་ཕྱོགས་དང་སྤེལ་རེས་བྱེད་པའི་སྐར་ཁུང་བཏོད་པ་དང་། མཐོང་རྒྱ་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ནས་ནང་སའི་རྐང་རྩེད་སྤོ་ལོའི་ཤེས་ལྡན་པ་རྩེ་གྲ་དང་མཉམ་དུ་སྤོ་ལོ་ཆུང་ངུ་དང་མཐུན་སྒྲིལ་ཆེན་མོའི་མཛེས་སྡུག་ལྡན་པའི་འདུན་པ་མངོན་འགྱུར་ཡོང་ཆེད་རྨང་གཞི་བཏིངས་ཡོད།

 

ལོ་ལྟར་འདེམས་གཏོང་བྱས་པའི"ཧྲག་འདེམས་དགེ་རྒན"གྱིས་མི་སྒེར་གྱི་རྐང་རྩེད་སྤོ་ལོའི་རྩལ་ནུས་དང་རྩལ་ཁྲིད་པའི་ནུས་པ་ཆེ་རུ་གཏོང་བ་མ་ཟད། ད་དུང་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ཀྱི་རྐང་འཛིན་སྟོབས་ཤུགས་སུ་འགྱུར་བ་དང་སློབ་གྲྭའི་ལུས་རྩལ་སློབ་ཚན་ཇུས་འགོད་དང་གསར་སྤེལ་བྱ་རྒྱུའི་ནང་ཧུར་ཐག་ཞུགས་ཏེ། སློབ་གྲྭར་དེ་བས་ཚན་རིག་དང་མཐུན་པ་དང་། དེ་བས་ནུས་ལྡན་གྱི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་བྱེད་སྟངས་དང་བྱ་ཐབས་མཁོ་འདོན་བྱ་རྒྱུ་རེད། གཅིག་སྡུད་སྦྱོང་བརྡར་མཇུག་འགྲིལ་རྗེས་ལོ་ལྟར་དུས་བཀག་ལྟར་རྐང་རྩེད་སྤོ་ལོའི་དགེ་རྒན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་གྲགས་ཅན་དགེ་རྒན་དང"ཧྲག་འདེམས་དགེ་རྒན"གདན་དྲངས་ནས་མཛུབ་ཁྲིད་བྱེད་པ་དང་ཆབས་ཅིག ཕུལ་བྱུང་རྐང་རྩེད་སྤོ་ལོའི་དགེ་རྒན་ལ་སྐུལ་ལྕག་གཏོང་བའི་ལམ་སྲོལ་དང་གདེང་འཇོག་མ་ལག་བཙུགས་ཐོག དགེ་རྒན་གྱི་ལས་ཀའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་ནུས་པ་འཕེལ་བ་བྱེད་ཀྱི་ཡོད། བྱ་ཐབས་རབ་དང་རིམ་པ་བརྒྱུད་ཡུལ་ཤུལ་གྱི་དོན་དངོས་དང་མཐུན་ཞིང་ས་མཐོའི་ཁྱད་ཆོས་ལྡན་པའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་བྱ་གཞག་གོང་འཕེལ་གཏོང་བའི་ལམ་བུ་ཞིག་རིམ་བཞིན་འཚོལ་ཞིབ་བྱེད་ཀྱི་ཡོད།

 

ད་ཐེངས་ཀྱི་གཅིག་སྡུད་སྦྱོང་བརྡར་སློབ་ཚན་གྱི་ནང་དོན་ནང་རྐང་རྩེད་སྤོ་ལོའི་རྩལ་ནུས་གསོ་སྦྱོང་དང་། ལུས་ཁམས་བདེ་ཐང་སྦྱོང་བརྡར། འགྲན་བསྡུར་གྱི་སྒྲིག་སྲོལ་སློབ་སྦྱོང་། དངོས་འཐབ་ནང་སྦྱོང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སོགས་ཚུད་ཡོད་པ་དང་། བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་། བློ་སྤོབས་ཆེན་པོས་ཕུགས་འདུན་འཚོལ་སྙེག་བྱེད་པའི་ཁྱིམ་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱ་རྒྱུ་རེད། 

 

གོམ་སྟབས་རྗེས་མར་ཡུལ་ཤུལ་ཁུལ་སློབ་གསོ་ཅུས་ཀྱིས་ད་ཡོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག སློབ་གྲྭའི་རྐང་རྩེད་སྤོ་ལོར་མ་དངུལ་གཏོང་ཤུགས་དང་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཡུལ་ཤུལ་རྐང་རྩེད་སྤོ་ལོར་ཕུལ་བྱུང་གི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་གིས་ཡུལ་ཤུལ་སློབ་གྲྭའི་རྐང་རྩེད་སྤོ་ལོ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

 

 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།