འདབ་ཆགས་ཀྱི་ཞིང་ཁམས་སུ་གྱུར་བའི་རོང་པོ་ཐང་བརླན་ས།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་དཀར་ལང་ལོང་དུ་རྒྱུ་ཞིང་། མེ་ལོང་ལྟ་བུའི་རོང་པོ་འཚེའུ་ངོས་སུ་དུས་བྱ་མང་པོ་ལྡིང་སྐོར་བྱེད་ཅིང་། ལན་རེར་ཆུ་ཐིགས་ཀྱི་ཕྲེང་བ་མཁའ་ལ་འཕྱོ་འོང་། ཟླ11པ་ནས་བཟུང་། མཚོ་སྔོན་རོང་པོ་ཐང་རྒྱལ་སྤྱིའི་བརླན་ས་གལ་ཆེན་དེར་དུས་བྱ་གནས་སྤོ་བའི་དུས་བཟང་ཞིག་ལ་བསླེབས་ཤིང་། ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། ཆུ་གག་སོགས་སྟོན་དགུན་དུ་འདིར་བབས་ཏེ་རེ་ཞིག་ཟས་འཚོལ་ནས་སྡོད་ཅིང་། ནོར་ལུག་བགས་ཀྱིས་རྒྱུ་བའི་མཁའ་དབྱིངས་དང་བར་གསེང་དུ་དུས་བྱ་རྣམས་ལན་རེར་ལྡིང་སྐོར་བྱེད་ཅིང་། ལན་རེར་ས་ལ་འབབ་པ་སོགས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་གདོད་མའི་སྣོད་བཅུད་ཀྱི་བཀོད་པ་ཡིད་དུ་འོང་བ་ཞིག་རི་མོ་བཞིན་དུ་མིག་མདུན་དུ་ལྷགས་ཡོང་།
རྟོག་ཞིབ་ལས་མངོན་པ་ལྟར་ན། ཟླ11ཚེས3ཉིན་ནས་བཟུང་། ལྟ་ཞིབ་ཚན་ལེན་པས་མཐོང་ཚད་ལྡབ་འགྱུར་གྱིས་གསལ་བའི་རྒྱང་མཐོང་གི་ཐད་གྲངས་རྩིས་ཐབས་ལ་བརྟེན་ནས་ས་ལ་བབས་པའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་ཚད་ལེན་བྱས་པ་ན། གྲངས་འབོར་དེ་དང་ཐོག་གི་མགོ་གྲངས230ནས་འཕེལ་ཏེ་ད་སྔའི3000ལ་བསླེབས་ཡོད་པ་རེད། ཁྲུང་ཁྲུང་མགོ་ཁྲས་ཐེངས་འདིར་རོང་པོ་ཐང་བརླན་ས་བདམས་པའི་ནས་བབས་སྡོད་བྱེད་པ་ནི་ཐེངས་དང་པོ་རེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བརླན་སའི་སྐྱེ་ཁམས་དོ་དམ་པ་ཡེ་ཤེས་འཇིགས་མེད་ཀྱིས་འདི་སྐད། ད་ལོར་དུས་བྱ་གནས་སྤར་བའི་དུས་ཚོད་ལོ་སྔོན་ལས་འཕྱི་ཞིང་། སྔོན་དཔག་བྱས་ན་ཟླ་བ12པའི་ནང་ད་གཟོད་གནས་སྤར་ཚར་སྲིད་ཟེར།
མཚོ་སྔོན་རོང་པོ་ཐང་རྒྱལ་སྤྱིའི་བརླན་ས་གལ་ཆེན་ནི་མདོ་དབུས་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཡིན་ལ། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡོད་པས། དུས་བྱ་གནས་འདིར་བབས་ནས་སྐྱེ་འཕེལ་ཐད་ལ་སྣོད་བཅུད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བཏོན་ཡོད། ཡུལ་ཤུལ་ཁུལ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་ཀྱིས2019ལོ་ནས2024ལོའི་བར་གྱི་གཞི་གྲངས་ལྟར་ན། ཁྲུང་ཁྲུང་མགོ་ཁྲ་ཡི་གྲངས་འབོར་དེ2019ལོར6338ཡོད་པ་དང་། 2020ལོར6677། 2021ལོར8304། 2022ལོར10524། 2023ལོར4603། 2024ལོར8127(དེའི་ནང་གནས་འདིར་བབས་པའི་གྲངས་འབོར3000འདུ)བཅས་ཡོད་པ་རེད།
ཡུལ་ཤུལ་ཁུལ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་པ་སངས་ཚེ་རིང་གིས་འདི་སྐད། རོང་པོ་ཐང་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་དང་པོ་དང་། འབྲི་ཆུ་འགོ་ཁུངས་ཀྱི་རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་པོ་ཡིན་པ་མ་ཟད། འཛམ་གླིང་གི་དུས་བྱ་གླིང་ཆེན་ཨེ་ཤ་ཡ་དབུས་མ་ནས་རྒྱ་གར་དུ་གནས་སྤར་བའི་ལམ་ཐིག་སྟེང་དབྱར་བྱ་སྐྱེ་འཕེལ་གྱི་གནས་གལ་ཆེན་དང་དབྱར་སྟོན་དུ་གནས་འདིར་བརྒྱུད་མཁན་རིགས་ཀྱི་ངལ་གསོ་བྱེད་ས་གལ་ཆེན་ཞིག་ཡིན། ད་ལོའི་སྟོན་དགུན་དུ་ཁྲུང་ཁྲུང་མགོ་ཁྲས་རོང་པོ་ཐང་བརླན་ས་བདམས་ནས་འབབ་སྡོད་བྱེད་པ་ནི་ཐེངས་དང་པོ་ཡིན་པས། དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན་པ་ཡོད་པ་མཚོན་ལ། དུས་བྱ་གནས་སྤོ་བར་བག་ཡངས་པའི་ཁོར་ཡུག་དང་རྒུམ་བུ་འཐུ་སའི་བར་སྟོང་ཆེན་པོ་ཞིག་མཁོ་འདོན་བྱས་པ་དང་ཆབས་ཅིག ད་ལོར་རང་བྱུང་སྲུང་སྐྱོབ་བྱེད་སར་སྤེལ་བའི་ཁྲུང་ཁྲུང་མགོ་ཁྲའི་བསྟི་གནས་བདམས་གསེས་ཐད་ཀྱི་ཞིབ་འཇུག་ལ་གཞི་འཛིན་ས་མཁོ་འདོན་བྱས་ཡོད་དོ། །
ཉེ་བའི་ལོ་རིང་ལ། ཡུལ་ཤུལ་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་དང་། “རི་ཆུ་སྔོ་ཞིང་དྭངས་བ་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་བསམ་བློ་ཇེ་བརྟན་དུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་དང“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སོགས་ཀྱི་ལས་ལ་སྐུལ་འདེད་བཏང་བ་དང་། ཁུལ་ཡོངས་ཀྱི་ཁ་དབུགས་ཀྱི་སྤུས་ཚད་ལེགས་ཚད100%ལ་བསླེབས་ནས་དུས་ཡུན་རིང་བོར་“མཚོ་སྔོན་གྱི་ཁ་དབུགས་གཙང་མ”རྒྱུན་བསྐྱངས་ཡོད་པ་དང་། ས་ཁོངས་ཀྱི་ཆུ་བོ་དང་གཙང་བོ་ཆད་ངོས་ཀྱི་ཆུ་སྤུས་སྔར་བཞིན་རྒྱལ་ཁབ་ཀྱི་དཔྱད་ཞིབ་དམིགས་འབེན་ན་ཡོད། ཁུལ་ཡོངས་ཀྱི་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ལེགས་ཤིང་། རྒྱལ་ཁབ་ཀྱི“ས་ཆུ་གཙང་བོ”འདུ་བའི་གནས་སུ་མཆོག་ཏུ་བརྩིས་ཡོད། ཡུལ་ཤུལ་ཁུལ་གྱིས་མུ་མཐུད་དུ་རིམ་པ་ཁག་དང་རིགས་ཁག་གི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཀྱི་གནད་དོན་ལ་ལན་སློག་པ་དང་དག་ཐེར་བྱེད་པའི་ལས་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན། ཡུལ་ཤུལ་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་སྐལ་ཁོ་ཡིས་འདི་སྐད། ཉེ་བའི་ལོ་རིང་ལ། ཡུལ་ཤུལ་ཁུལ་གྱི་རིམ་ཁག་ནགས་རྩྭ་སྡེ་ཚན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བཅངས་ཤིང་། “སྐྱེ་ཁམས་ཀྱི་ཁུལ་བཙུགས་ཏེ་ལྷད་མེད་ཀྱི་ཁོར་ཡུག་ཅིག་བསྐྲུན”པའི་བློ་སྤོབས་དང་དམག་སྣེ་འདྲེན་པའི་འགན་ཁུར་དུ་ཐེག་སྟེ། རི་ཆུ་ནགས་ཞིང་མཚོ་མོ་རྩྭ་ཐང་བྱེ་ས་བཅས་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཐོག་སྐུལ་འདེད་བཏང་ནས་གྲོང་རྡལ་དང་ཡུལ་ཚོ་གཞི་གཅིག་ཏུ་ལྗང་སྒྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་བ་དང་། རྩྭ་ཐང་སྲུང་སྐྱོབ་དང་སླར་གསོར་སྐུལ་འདེད་ཤུགས་ཆེན་བྱས་ཏེ། བརླན་སའི་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་དང་། བྱེ་འགྱུར་ཅན་འགོག་བཅོས་ལས་ཀ་འཕྲལ་སྒྲུབ་བྱས་པས། ནགས་རྩྭའི་སྐྱེ་ཁམས་བྱེད་ནུས་ཇེ་ལེགས་སུ་ཕྱིན་པ་མངོན་གསལ་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་རྒྱུད་མཐུད་ངང་ཇེ་ལེགས་དང་། རི་སྐྱེས་སྲོག་ཆགས་གནས་སའི་ཁོར་ཡུག་ཉིན་རེ་ནས་ཇེ་ལེགས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ཕན་འབྲས་ལེགས་པོ་བཅས་མངོན་གསལ་རེད།
དུས་རབས20བའི་ལོ་རབས90བའི་ནང་གཙོད་ནི་སྟོངས་ལ་ཉེ་བའི་སྲོག་ཆགས་སུ་གཏོགས་པ་ནས་ད་ལྟ་ཁ་གྲངས་ཁྲི7ལྷག་ལ་འཕེལ་ཡོད་པ་དང་། གསའ་ཡི་གྲངས་འབོར་མགོ་གྲངས800ནས1000ལ་བསླེབས་ཡོད། ཁྲུང་ཁྲུང་གི་ཁ་གྲངས་དེ་ཡུལ་ཤུལ་ཁུལ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཐོག་མར་བཙུགས་པའི་དུས་ཀྱི་ཁ་གྲངས22ནས་འཕེལ་ཏེ་ཁ་གྲངས175ལ་བསླེབས། ད་ལོར་རོང་པོ་ཐང་རྒྱལ་སྤྱིའི་བརླན་ས་གལ་ཆེན་ནི་ལྷག་ཏུ་འཁྲུག་ཆ་དོད་ཅིང་། བྱ་རིགས་སྣ་ཚོགས་གནས་འདིར་བབས་ནས་དུས་བྱ་འབབ་སྡོད་ཀྱི་དུས་བཟང་ཞིག་བསུས་ཐུབ་ཡོད།
ད་ལྟའི་ཡུལ་ཤུལ་ཁོངས་སུ་སྐྱེ་ཁམས་མ་ལག་གི་གྲུབ་སྟངས་དང་བྱེད་ནུས་གཏན་འཇགས་ཡིན་ཞིང་། སྐྱེ་དངོས་སྣ་མང་རང་བཞིན་ཉིན་རེ་བཞིན་སྣ་མང་དུ་འགྱུར་བ་དང་། སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་ཇེ་ལེགས་སུ་ཕྱིན་པ་མངོན་གསལ་ཡིན་ལ། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་སྔར་ལས་ཇེ་དྲག་ཏུ་ཕྱིན་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡང་སྔར་ལས་ཇེ་བརྟན་དུ་གྱུར་ཡོད་དོ། །