ཉེ་ལམ་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་སློབ་ཆེན་གཉིས་ཀྱིས་གཙོ་སྒྲུབ་དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་པུའུ་དང་བོད་ལྗོངས་སློབ་ཆེན་རྩོམ་རིག་སྒྱུ་རྩལ་དཔྱད་གླེང་རྟེན་གཞི་གཉིས་ཀྱིས་སྒྲུབ་འགན་འཁུར་བའི་སྐབས་བཞི་པའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》“ལོ་ཟུང་བྱ་དགའ”གནང་པའི་མཛད་སྒོ་ལྷ་སར་བསྡུས།
བྱ་དགའ་གནང་བའི་ཡུལ་དངོས།
《བོད་ཀྱི་རྩོམ་རིག་སྒྱུ་རྩལ》“ལོ་ཟུང་བྱ་དགའ”དེ་ལོ་གཉིས་རེའི་ནང་ཐེངས་གཅིག་ལ་སྤེལ་བ་ཡིན་ཞིང་། དེས“བོད་ལྗོངས་ལ་གཞི་ཚུགས་ཤིང་། རྒྱལ་ཡོངས་ལ་ཁ་ཕྱོགས་པའི་”དུས་དེབ་སྒྲུབ་གཉེར་གྱི་དམིགས་འབེན་གཞིར་བཟུང་ནས་ཕྱི་གསལ་ནང་གསལ་དང་དྲང་བདེན་དྲང་བཞག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད། སྐབས་འདིའི་བརྩམས་ཆོས་དཔྱད་འདེམས་ཁྲོད་མཆོག་ཏུ་གྱུར་བའི་བརྩམས་ཆོས9བདམས་ནས་བྱ་དགའ་གནང་ཡོད་ལ། ནང་དོན་སྒྲུང་ཐུང་དང་། སྙན་ངག ལྷུག་རྩོམ། དཔྱད་བརྗོད། འགྱུར་ཡིག སྙན་ཞུའི་རྩོམ་རིག་སོགས་རྩོམ་སྟངས་རིགས་དུ་མར་ཁྱབ་ཡོད། གླེང་འོས་པ་ཞིག་ནི་ཐེངས་འདིའི་བྱ་དགའ་ཐོབ་པའི་རྩོམ་པ་པོའི་ཁྲོད་དུ་ན་གཞོན་རྩོམ་པ་པོ་དང་སློབ་ཆེན་ལ་སོགས་སློབ་གྲྭ་ཆེར་འགྲིམས་མེད་པའི་གཞི་རིམ་གྱི་རྩོམ་རིག་གསར་རྩོམ་པ་ཡོད། དེ་ལས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ནས་ཡོང་པའི་འབྲོག་པ་དབང་ཆེན་བསོད་ནམས་ལགས་ཀྱིས《ཁུ་ནུའི་རི་རྒྱུད་ཀྱི་ལྷོ་བྱང》ཅེས་པའི་སྙན་ཞུ་རྩོམ་རིག་ལ་བྱ་དགའ་ཐོབ། ཁོང་ནི་འབྲོག་ཁུལ་ནས་མཚར་ལོངས་བྱུང་ཞིང་། ཚད་ལྡན་ཀྱི་སློབ་གཉེར་བརྒྱུད་རིམ་ལ་མ་ཞུགས་པར་རང་དགར་རང་སྦྱོང་ལ་བརྟེན་ནས་རྩོམ་རིག་གི་ལམ་ཁར་སྙེག་མཁན་ཞིག་ཡིན། དབང་ཆེན་བསོད་ནམས་ཀྱིས་འདི་སྐད། ཐེངས་འདིར་བྱ་དགའ་འདི་ལྟ་བུ་ཐོབ་པ་ཧ་ཅང་དགའ་བོ་བྱུང་། མ་འོངས་པ་ན་རྩོམ་རིག་སྒྱུ་རྩལ་གྱི་ལམ་ཁར་བརྩོན་པ་རྒྱུན་བཞིན་དུ་བསྟེན་ནས་མཐོ་ས་ནས་མཐོ་སར་སྙེག་ཐུབ་ལ་འབད་པ་བྱ་ངེས་ཟེར། དེ་བཞིན་དུ་ན་གཞོན་རྩོམ་པ་པོ་བདེ་ལྡན་དཔལ་མོའི་སྒྲུང་རྩོམ《བན་དེ་ཆེན་མོ》ཞེས་པར་བྱ་དགའ་ཐོབ་ལ། མོ་ནི་ཆུང་དུས་ནས་རྩོམ་རིག་ལ་དགའ་ཞེན་ཆེ་བའི་ཕ་མ་གཉིས་ཀྱིས་བཞག་པའི་བག་ཆགས་ཟབ་མོའི་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་ལམ་ཁར་སྙེག་པ་ཞིག་ཡིན། ཐེངས་འདིའི་བྱ་དགའ་ཡིས་མོ་རང་ལ་ཡར་སྐུལ་ཆེན་པོ་ཐེབས།
བྱ་དགའ་གནང་བའི་ཡུལ་དངོས།
བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསམ་གཏན་ལགས་ནས་འདི་སྐད། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》“ལོ་ཟུང་བྱ་དགའ”དེ་ད་བར་དུ་ཐེངས་བཞི་ལ་སྤེལ་ཡོད་པས། ད་ལྟ་དུས་དེབ་ཀྱི་མཚན་སྙན་དང་ཤུགས་རྐྱེན་ཇེ་ཆེར་ཕྱིན་ནས་འདུ་ཤེས་ཆེར་བསྐྱེད་ཀྱི་འཐབ་ས་ལེགས་སྲུང་སྒོས་དར་སྤེལ་གཏང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། བོད་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་ཡར་ངོས་ཟླ་ལྟར་འཕེལ་བའི་ཐད་དོན་སྙིང་ཆེན་པོ་ལྡན་ཟེར།
བྱ་དགའ་འབོགས་པའི་ཡུལ་དངོས།
གཞན་བྱེད་སྒོའི་སྐབས་སུ་བོད་ལྗོངས་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་གླང་འདུན་དཔལ་འབྱོར་ལགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་དགོངས་པ་གླེང་བའི་དཔྱད་གླེང་ཚོགས་འདུ་དང་། བོད་ལྗོངས་ཀྱི་སྣོད་བཅུད་རྩོམ་རིག་གི་སྒྱུ་རྩལ་མཛེས་དཔྱོད་རིག་པའི་དགོངས་པའི་དེང་རབས་རིན་ཐང་སྐོར་གླེང་བའི་ཚོགས་འདུ། འབྲོག་བཟའ་སྐྱིད་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་བཅས་བསྡུས།