ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་དང་གྲོས་མོལ་མཛད།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།
ཟླ11ཚེས9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་རང་ད་ལོའི་ཟླ3པར་ཙུང་ཐུང་ལ་བདམས་ཐོན་བྱུང་རྗེས་ཐོག་དང་པོར་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་།  དངོས་སུ་འགན་བཞེས་རྗེས་ཡང་བསྐྱར་ཐོག་དང་པོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་ལས། ཁྱེད་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ཡོད་ལ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཆུ་ཚད་མཐོ་བ་དང་འཐབ་ཇུས་རང་བཞིན་ཡང་མཚོན་ཡོད།  འཐབ་ཇུས་རང་བདག་དང་། ཕན་ཚུན་ཡིད་ཆེས་རོགས་རེས། མཉམ་ལས་མཉམ་རྒྱལ། དྲང་གཞག་དྲང་བདེན་བཅས་རྒྱུན་འཁྱོངས་བྱས་པ་འདི་ནི། འདས་པའི་ལོ་བཅུ་ཕྲག་རིང་གི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་ལ།  མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བར་བརྩི་སྲུང་བྱེད་འོས་པའི་རྩ་དོན་གལ་ཆེན་ཞིག་ཀྱང་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གསར་པ་དང་མཉམ་དུ་སྔ་འཛིན་ཕྱི་གཏོད་དང་། ས་ཁུལ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་བཙུགས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོས་མཉམ་འབྲེལ་གྱིས་རང་སྟོབས་རང་སྤེལ་དང་། མཐུན་སྒྲིལ་རོགས་ལས།   གཉིས་ཕན་མཉམ་རྒྱལ་བཅས་བྱེད་པའི་ལོ་རྒྱུས་གསར་པ་རྩོམ་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། མཐོ་རིམ་འགྲོ་འོང་དང་། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། ས་གནས་བཅས་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ཏེ།  ཕན་ཚུན་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ་དང་། ཕན་ཚུན་གྱིས་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་སྲུང་སྐྱོབ་བྱེད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་དགོས། འཐབ་ཇུས་མཉམ་ལས་ཀྱི་བཀོད་པ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཆབ་སྲིད་དང་། དཔལ་འབྱོར། མི་ཆོས་རིག་གནས། མཚོ་ཐོག  བདེ་འཇགས་བཅས་ཀྱི“གཞི་རྟེན་ཆེན་པོ་ལྔའི”མཉམ་ལས་གཏོད་དགོས།  སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱུན་འཁྱོངས་བྱས་ཏེ། ཡཱ་ཅཱ་ཏ་ནས་ཝན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་རྒྱུན་མཐུད་ངང་གཉེར་སྐྱོང་ཡག་པོ་བྱེད་པ་དང་།   “ས་ཁོངས་ཕྱོགས་བསྡུས་དཔལ་འབྱོར་སྤེལ་ཁུལ”དང“རྒྱལ་ཁབ་གཉིས་ཀྱི་གླིང་ཁུལ་གཉིས”ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ།  གཞི་གྲངས་དཔལ་འབྱོར་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས། འཁོར་སྐྱོད་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ།  མཚོ་ཐོག་ཏུ་གསར་སྤེལ་མཉམ་ལས་བྱེད་པ། ཕྱོགས་ཡོངས་ནས་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས།   མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བཟང་བོ་བྱེད་པ་དང་རང་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་དམངས་ཕན་བཟོ་འགོད་སྔར་ལས་མང་པོ་བསྐྲུན་ནས། དབུལ་སེལ་དང་། སྨན་རྫས། འབྲུ་རིགས་འདེབས་འཛུགས། ཉ་ལས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ།  ཧིན་རྡུ་ཉི་ཞི་ཡའི་ཚན་ཞིབ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་།  སྟབས་བདེ་ཅན་གྱི་བྱེད་ཐབས་སྔར་ལས་མང་པོ་བཏོན་ནས་མི་སྣ་འགྲོ་འོང་བྱེད་པའི་གཞི་རྒྱ་ཆེ་རུ་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་པ་དང་། སང་ལོ་ནི་ཝན་ལུང་གྲོས་ཚོགས་བསྡུས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་ཞིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ། འཛམ་གླིང་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་གཙོ་བོ་བཅས་ཡིན་པའི་ཆ་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་ཞི་བདེ་དང་། མཉམ་ལས། བསྟུན་མཁས། མཉམ་འདྲེས་བཅས་གཙོ་བོ་ཡིན་པའི་ཨེ་ཤ་ཡའི་རིན་ཐང་ལྟ་བ་མཉམ་དུ་དར་སྤེལ་བཏང་སྟེ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་ཝན་ལུང་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་སྩོལ་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་རང་འབད་ལ་སྣེ་ཁྲིད་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།   ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་བར་དུ་ཕྱོགས་མང་འཐབ་ཇུས་མཐུན་སྦྱོར་སྔར་ལས་དམ་ཟབ་བྱེད་པ་དང་།  ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་བཅས་བྱས་ཏེ།  ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།

ཕུའུ་ལཱ་པོ་ཝོ་ཡིས་བསྟན་དོན། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་།  ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོར་ལོ་ངོ་སྟོང་གི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ལྡན་པས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྲུང་འཛིན་བྱས་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག  ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། འབྲེལ་བ་སྔར་ལས་དམ་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོར་འགྱུར་བ་དང་། ས་ཁུལ་དང་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་རེ་བ་བཅངས་ཡོད་ལ།  དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད།    ཨེ་ཤ་ཡའི་ས་ཁུལ་དུ་ཞི་བདེ་དང་འཕེལ་རྒྱས་སྔར་ལས་མངོན་འགྱུར་ལེགས་པོ་བྱེད་པར་ཁོར་ཡུག་བཟང་པོ་ཞིག་ཀྱང་བསྐྲུན་ངེས་ཡིན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མུ་མཐུད་དུ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་བྱེད་པ་དང་།  “གཞི་རྟེན་ཆེན་པོ་ལྔའི”མཉམ་ལས་ཀྱི་རྣམ་པ་འཐུས་ཚང་དུ་བཏང་སྟེ།  རྨང་གཞིའི་སྒྲིག་བཀོད་དང་། ནུས་ཁུངས། གཏེར་ཁ། སྨན་རྫས། ཞིང་ལས། སྡོད་ཁང་། མཚོ་ཐོག་བཅས་ཀྱི་ཐུན་མོང་གསར་སྤེལ་དང་། འབྲུ་རིགས་བདེ་འཇགས་དང་དབུལ་སེལ་སོགས་ཕྱོགས་ཡོངས་ཀྱི་ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅིང་། ཀྲུང་གོའི་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡར་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་ཡིན།  ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་སྲིད་གཞུང་གི་ཐའེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཀྲུང་གོ་སྲིད་གཞུང་གིས་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོང་དང་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་ཡོང་ཆེད་འབད་བརྩོན་ཆེན་པོ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཞིན་ཅང་དང་འབྲེལ་བའི་དོན་དག་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ཧིན་རྡུ་ཉི་ཞི་ཡས་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཞིན་ཅང་གི་འཕེལ་རྒྱས་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་ཆེད་འབད་བརྩོན་ཆེན་པོ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་དྲང་བདེན་སྲུང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཧིན་རྡུ་ཉི་ཞི་ཡས་རང་བཙན་རང་བདག་རྒྱུན་འཁྱོངས་དང་མནའ་འབྲེལ་མི་བྱེད་པའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས། ཕྱོགས་གསུམ་པར་དམིགས་པའི་དམག་དོན་མནའ་མཐུན་ནམ་ཡང་ན་ཚོགས་པ་ཆུང་ངུ་གང་རུང་ནང་མི་ཞུགས་པ།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བཅས་བྱེད་པ་དང་།   རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་ཀྲུང་གོར་བརྗེ་རེས་དང་མཉམ་ལས་དམ་ཟབ་བྱས་ཏེ།  འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་དང་། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཆེན་པོ་བྱེད་འདོད་ཡོད།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་གསར་སྤེལ་དང་། མཚོ་ཐོག་དཔལ་འབྱོར། ཆུ་བེད། གཏེར་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་གནང་།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཕུའུ་ལཱ་པོ་ཝོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས21འཕངས་པ་དང་། གུས་དམག་གྲལ་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་ཕེབས་ཤིང་། དམག་མིའི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཕུའུ་ལཱ་པོ་ཝོ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་པར་མ་ཟད།  དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཕུའུ་ལཱ་པོ་ཝོ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།