ཟླ11པའི་ཚེས8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་དང་མཉམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་མཉམ་ལས་ལམ་སྲོལ་གྱི་ཚོགས་ཆེན་ལ་ཞུགས་པ་དང་ཀྲུང་གོ་དང་དབྱི་ཐ་ལིའི་སློབ་ཆེན་གྱི་སློབ་གཙོའི་གླེང་མོལ་ཚོགས་འདུར་ཞུགས་པའི་ཕྱོགས་གཉིས་ཀྱི་འཐུས་མིར་མཇལ་འཕྲད་གནང་།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་འཐུས་མིས་ཕུལ་བའི་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་དང་སློབ་གྲྭ་ཆེན་མོའི་མཉམ་ལས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུར་གསན།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལིའི་ལོ་ངོ་སྟོང་གི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་རབས་ནས་མི་རབས་བར་རྒྱུན་མ་ཆད་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། གནའ་བོའི་དར་གོས་ཚོང་ལམ་གྱིས་ཤར་ནུབ་ཕྱོགས་ཀྱི་བརྗེ་རེས་ཀྱི་མདུན་གྲལ་བཏོད་པ་དང་མ་ཁི·པོ་ལཱོ་ཡིས་ནུབ་ཕྱོགས་འཛམ་གླིང་གིས་ཀྲུང་གོར་ཤེས་རྟོགས་བྱེད་པའི་སྐར་ཁུང་ཕྱེ་ནས། མི་རབས་ནས་མི་རབས་བར་གྱི་ཕོ་ཉ་ཡིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལེའུ་མུ་མཐུད་དུ་བརྩམས་ཏེ། འཛམ་གླིང་ཐོག་གི་དཔལ་ཡོན་མི་འདྲ་བ་འདྲ་མཉམ་ངང་གླེང་མོལ་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་དཔེ་མཚོན་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་མཉམ་ལས་ལམ་སྲོལ་གྱིས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རིག་གནས་དང་ཡུལ་སྐོར་ལོ་གཉེར་བར་སྐུལ་འདེད་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཐོན་ཡུལ་གྱི་དཔེ་དབྱིབས་ཐོག་མར་གསར་གཏོད་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་སློབ་གྲྭས་རིག་གཞུང་དང་ན་གཞོན་གྱི་བརྗེ་རེས་རྒྱ་ཁྱབ་ཏུ་སྤེལ་བ་དང་། གསར་དར་རིག་གཞུང་ཚན་ཁག་གིས་མཉམ་འབྲེལ་གྱིས་ཞིབ་འཇུག་བྱེད་རྒྱ་ཆེ་རུ་བཏང་ནས། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་ནི་ཟང་ཟིང་ཆེ་བའི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ཡོད། ཀྲུང་གོ་དང་དབྱི་ཐ་ལི་ནི་དཔལ་ཡོན་དར་བའི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། མཉམ་དུ་རིག་གནས་ཅན་དང་ཀུན་སྤྱོད་ཅན་དར་སྤེལ་བཏང་ནས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྩེ་སེམས་ཆེན་པོས་མིའི་རིགས་ཀྱི་ལས་དབང་ལ་ལྟ་བ་དང་། ཁོང་ཡངས་དཔེ་ལྟའི་བློ་རྒྱ་ལ་བརྟེན་ནས་འགལ་བ་སེལ་བ། འཆམ་མཐུན་མཉམ་གནས་ཀྱི་བསམ་འདུན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། དཔལ་ཡོན་གྱི་ལམ་སྒྲོན་དེས་མིའི་རིགས་མདུན་དུ་བསྐྱོད་པའི་བགྲོད་ལམ་གསལ་བར་བྱེད་དགོས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། དཔྱོད་ལྡན་པ་སྔར་ལས་མང་པོ་ཀྲུང་གོ་དང་དབྱི་ཐ་ལིའི་མཛའ་མཐུན་མཉམ་ལས་ཀྱི་ལག་ལེན་པ་དང་། ཤར་ནུབ་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཟབ་ཞུགས་མཁན་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་བྱས་རྗེས་འཇོག་པའི་རེ་བ་བཅངས་ཡོད།
མཱ་ཐ་ལེ་ལཱ་ཡིས་དབྱི་ཐ་ལི་དང་ཀྲུང་གོའི་རིག་གནས་མཉམ་ལས་ལམ་སྲོལ་དང་སློབ་ཆེན་གྱི་སློབ་གཙོའི་གླེང་མོལ་ཚོགས་འདུའི་ཐོག་དབྱི་ཐ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་རྒྱུས་ལོན་དང་། མཛའ་བརྩེ་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་གདེང་འཇོག་གང་ལེགས་བྱས་པ་དང་། དབྱི་ཐ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་དཔལ་ཡོན་དར་བའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་པས། ཚང་མར་འོད་སྟོང་འཕྲོ་བའི་རིག་གནས་ལྡན་པ་དང་། རྒྱལ་ཁབ་གཉིས་མི་དམངས་ཀྱིས་ཕན་ཚུན་མྱོང་རོལ་དང་ཕན་ཚུན་བརྩི་འཇོག་བྱེད་པ། མ་ཁི·པོ་ལོ་དང་ཀྲུང་གོའི་ བར་གྱི་འགྲོ་འོང་གི་གཏམ་བཟང་ནི་ཤར་ནུབ་དཔལ་ཡོན་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་མཚོན་ཚུལ་ཞིག་ཡིན་ཞེས་བསྟན། ཕྱོགས་གཉིས་ཀྱིས་ཉམས་མྱོང་ཕྱོགས་སྡོམ་དང་། མཛའ་མཐུན་རྒྱུན་འཛིན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ཀྱི་འབྲེལ་ཟམ་སྔར་ལས་མང་པོ་སྐྲུན་པ། མཐུན་སྒྲིལ་ལ་ཤུགས་སྣོན་པ། འགྲན་རྒོལ་ལ་ངོ་རྒོལ་བཅས་བྱས་ཏེ། དབྱི་ཐ་ལི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་རྨང་གཞི་དང་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
མཇལ་འཕྲད་གྱི་སྔོན་ལ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་འཐུས་མི་དང་ལྷན་དུ་དྲན་རྟེན་འདྲ་པར་བསྐྱོན།