ཧན་ཀྲིན་ཀྲུང་གོ་དང་ཧྥིན་ལན་གྱི་གསར་གཏོད་ཁེ་ལས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་མགོ་རྩོམ་མཛད་སྒོར་ཞུགས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཀྲུང་གོ་དང་ཧྥིན་ལན་གྱི་གསར་གཏོད་ཁེ་ལས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུ་དང་། ཀྲུང་ཧྥིན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི100ལྷག་གྲོས་ཚོགས་ལ་ཞུགས།

ཧན་ཀྲིན་གྱིས་ཀྲུང་གོ་དང་ཧྥིན་ལན་གྱི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན། 2017ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥིན་ལན་དུ་འཚམས་འདྲི་གནང་སྐབས་ཕྱོགས་གཉིས་ཀྱིས་མ་འོངས་པའི་མཉམ་ལས་རོགས་རེས་འབྲེལ་བ་གསར་པ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མགོ་བརྩམས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ཀྲུང་ཧྥིན་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ནུས་ཁུངས་གསར་པ་དང་། ནགས་ཚལ་བཟོ་ལས། ཆ་འཕྲིན་འཕྲིན་གཏོང་། དགུན་དུས་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཕན་པ་ཐོབ་པར་མ་ཟད། འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཀྱང་ཕུལ་ཡོད་ཅེས་བསྟན།

ཧན་ཀྲིན་གྱིས་ཀྲུང་གོ་དང་ཧྥིན་ལན་གྱི་གསར་གཏོད་ཁེ་ལས་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཉིས་ཀྱི་ཁེ་ལས་ཀྱི་གསར་གཏོད་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་སྒོ་འབྱེད་དཀྱེལ་ཡངས་ཀྱི་མཉམ་ལས་སྙིང་སྟོབས་མཉམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ལྗང་མདོག་ཚུལ་སྒྱུར་གྱི་མཉམ་ལས་གོ་སྐབས་དམ་འཛིན་བྱེད་པ། གསར་གཏོད་འཕེལ་རྒྱས་ཀྱི་མཉམ་ལས་བར་སྟོང་རྒྱ་ཆེར་གཏོང་བ། གཉིས་ཕན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྥིན་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་བསྟན།

སི་ཐུའུ་པུའུ་ཡིས་ཧྥིན་ལན་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་རྨང་གཞི་བརྟན་པོ་ཡོད་པ་དང་། ཀྲུང་གོ་ནི་ཧྥིན་ལན་གྱི་ཕྱིར་གཏོང་ཁྲོམ་ར་གལ་ཆེན་གྱི་གྲས་ཤིག་ཡིན་པས་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོར་ཁེ་ལས་དངུལ་གཏོང་དང་ཟབ་ཞུགས་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་ཧྥིན་ལན་དུ་དངུལ་གཏོང་དང་བྱ་གཞག་གསར་གཏོད་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།