གཏེར་ལེན་ཁའི་མང་ཚོགས་ཀྱིས་སོག་རིགས་ཀྱི་བཀྲག་མདངས་འཚེར་བའི་གྱོན་ཆས་རྒྱུན་འཛིན་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

"གཏེར་ལེན་ས་ཆའི་སོག་རིགས་ཀྱི་གྱོན་ཆསནི་ཕྱུ་ལྭ་གཙོ་བོ་ཡིན་པ་དང་། རང་བྱུང་འཆམ་མཐུན་དང་ཉེར་སྤྱོད་ཀྱི་མཛེས་པ་མཉམ་དུ་འདྲེས་པའི་མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་མཚོན་ཡོད། གྱོན་ཆས་ཀྱི་ཁ་མདོག་སྔོན་པོ་དང་ལྗང་ཁུ། སྨུག་པོ། དམར་པོ། དཀར་པོ། ནག་པོ་བཅས་གཙོ་བོར་འཛིན་པ་དང་། ཚོན་མདོག་སྡེབ་སྒྲིག་འཆམ་མཐུན་དང་། གྱོན་ཆས་དང་སྐྲ་ཤུབས་འཚེམ་བཟོ་ཞིབ་ཚགས་ལྡན་པ། ལག་ཤེས་བཟོ་རྩལ་ལ་དང་དོད་བྱེད་པ་ཞིག་ཡིན། བུད་མེད་ཀྱི་གྱོན་ཆས་གཙོ་བོ་རིན་པོ་ཆེ་གཡང་ཊིའི་རིགས་ཀྱིས་བརྒྱན་པ་དང་། སྐྱེས་པའི་གྱོན་ཆས་ལ་ཆུ་སྲམ་གྱི་པགས་པ་དང་ཉེར་སྤྱོད་ཡོ་ཆས་ཀྱིས་རྒྱན་ཏེ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་མངོན་ཡོད།"ཟླ10པའི་ཚེས25ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་སོག་རིགས་སྲོལ་རྒྱུན་རྒྱན་གོས་སྒྱུ་རྩལ་ལག་རྩལ་བརྒྱུད་སྤེལ་ཁང་དུ་རྒྱུན་འཛིན་པ་དགེ་རྒན་རིན་མའོ་ལགས་ཀྱིས་སེམས་ཞིབ་མོས་གཅོད་འབྲེག་བྱེད་པའི་ཞོར་དུ། ང་ཚོར་སོག་པོ་མི་རིགས་ཀྱི་གྱོན་ཆས་དང་བཟོ་རྩལ་གྱི་ཁྱད་ཆོས་ངོ་སྤྲོད་བྱས།

མིག་མདུན་དུ་བསྟར་པའི་ཐུན་མོང་མ་ཡིན་པའི་སོག་པོ་མི་རིགས་ཀྱི་གྱོན་ཆསལ་རོལ་མྱོང་བྱེད་པ་ནི་གསོན་ཉམས་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་རི་མོ་ཞིག་ལ་བལྟས་པ་དང་འདྲ། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་མཐོང་ཆེན་བྱེད་པ་དང་ཆབས་ཅིག་ཏུ་སོག་པོ་མི་རིགས་ཀྱི་རྒྱན་གོས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཡང་གྲུབ་འབྲས་མངོན་གསལ་བླངས། ཡིན་ནའང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་དེང་རབས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱི་ཕོག་ཐུག་འོག་སྲོལ་རྒྱུན་གྱི་གྱོན་ཆས་ཀྱི་འཚོ་གནས་ལ་འགྲན་སློང་ཆེན་པོ་ཐེབས་པས། དུས་རབས་གསར་པའི་ནང་དེ་ཉིད་ལ་ཡང་བསྐྱར་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱ་རྒྱུ་ནི། རིན་མའོ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དག་གི་དོ་སྣང་བྱེད་པའི་གཙོ་གནད་དུ་གྱུར་ཡོད།

"གཏེར་ལེན་ཁ་ས་ཆའི་སོག་རིགས་ཀྱི་རྒྱན་གོས་ནི་ང་ཚོའི་མི་རིགས་ཀྱི་གཅེས་ནོར་དང་གཟུགས་འདས་ཤུལ་བཞག་རིག་གནས་ཡིན་པའི་ཆ་ནས། ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་། མཛེས་དཔྱོད་ཀྱི་རིན་ཐང་བཅས་ལྡན་པས། ང་ཚོས་ངེས་པར་དུ་སྲུང་སྐྱོབ་ཡག་པོ་བྱེད་དགོས"། ལོ་མང་པོའི་རིང་ལ་རྒྱུན་འཛིན་པ་རིན་མའོ་ལགས་ཀྱིས་དེའི་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་བཟོ་རྩལ། མཛེས་དཔྱོད་ཀྱི་ཁྱད་ཆོས་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། སྲོལ་རྒྱུན་དང་དེང་རབས་ཀྱི་མཛེས་དཔྱོད་ལྟ་བ་ཟུང་འབྲེལ་བྱེད་པར་ཧུར་ཐག་གིས་འཚོལ་ཞིབ་བྱེད་བཞིན་ཡོད།

མི་རབས་ནས་མི་རབས་བར་རྒྱུན་འཛིན་པ་དག་གི་འབད་བརྩོན་བྱས་པར་བརྟེན། གཏེར་ལེན་ཁ་ས་ཆའི་སོག་རིགས་ཀྱི་གྱོན་ཆས་ལ་བཀྲག་མདངས་འཚེར། ཉེ་བའི་ལོ་འགའི་རིང་ལ་རྒྱན་གོས་དེ་ནང་སོག་དང་ཧོ་པེ། ཧྲའན་ཞི། ཧྥུའུ་ཅན། ཡུན་ནན། བོད་ལྗོངས་སོགས་ཞིང་ཆེན་དང་། ཞང་ཀང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་སོགས་ཀྱི་འབྲེལ་ཡོད་བྱེད་སྒོའི་སྟེང་འགྲེམས་སྟོན་བྱས་པ་མ་ཟད། བྱ་དགའི་རྣམ་གྲངས་རིགས་མི་འདྲ་བ30ལྷག་ཐོབ་པ་དང་། 2023ལོའི་ཟླ7པར། གཏེར་ལེན་ཁ་ས་ཆའི་སོག་པོའི་སྲོལ་རྒྱུན་གྱི་གྱོན་ཆས་དེ་སོག་པོ་རྒྱལ་ཁབ་དུ་སྤེལ་པའི"འཛམ་གླིང་གི་ཡུལ་གྲུ་སོ་སོའི་ཕྱུ་པ་གྱོན་པའི་སོག་པོ"ཞེས་པ་བརྗོད་བྱ་ཡིན་པའི་ནཱ་ཏཱ་མུའུ་ཚོགས་ཆེན་སྟེང་ནས་འཛམ་གླིང་ཡོངས་ཀྱི་ལྟད་མོ་བའི་ཡིད་དབང་འཕྲོག

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།