རོང་འབྲོག་པའི་འདེབས་འཛུགས་དང་ལས་གཉེར་གྱི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་རོགས་ཤུགས་འདོན་ཆེད། 2024ལོའི་ཟླ10པའི་ཚེས28ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་རིག་གནས་དཔེ་མཛོད་ཁང་དུ2024ལོའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་རིམ་པའི་བྱང་ཚད་མཐོ་བའི་རོང་འབྲོག་པའི་གསོ་སྦྱོང(ལས་གཉེར་དོ་དམ་འདེབས་འཛུགས་འཛིན་གྲྭའི)སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ལས་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་ཀྱི་བློ་མཐུན་རེན་ཧའེ་ཕིང་གིས་གཏམ་བཤད་ལས་བསྟན་དོན། ཞིང་ལས་ནི་རྒྱལ་ཁབ་བརྟན་བརླིང་ཡོང་བའི་རྨང་གཞི་དང་དམངས་ཀྱི་འཚོ་བའི་རྟེན་གཞི་ཡིན་ལ། དུས་རབས་གསར་པའི་འཐབ་ལམ་གྱི་སྟེང་དུ་ཞིང་ལས་འཕེལ་རྒྱས་སྔར་ཡོད་མ་མྱོང་བའི་གོ་སྐབས་དང་འགྲན་སློང་ལ་འཕྲད་ཡོད་པས། ང་ཚོས་གང་མྱུར་གྱིས་བྱང་ཚད་མཐོ་བའི་ཞིང་པ་སྐོར་ཞིག་གསོ་སྐྱོང་བྱ་དགོས་ཤིང་། ཁོ་ཚོར་ཞིང་ལས་ཐོན་སྐྱེད་ཀྱི་ནུས་རྩལ་ལྡན་དགོས་པར་མ་ཟད། དེ་བས་ཀྱང་གསར་གཏོད་ཀྱི་བསམ་བློ་དང་དཀྱེལ་ཡངས་པའི་མཐོང་རྒྱ། དེང་རབས་ཀྱི་ལས་གཉེར་འདུ་ཤེས་བཅས་ལྡན་དགོས། བྱང་ཚད་མཐོ་བའི་ཞིང་བ་གསོ་སྦྱོང་བྱེད་པ་ནི་ང་ཚོས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་མཐའ་གཅིག་ཏུ་དང་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དམིགས་ཡུལ་ནི་ཚང་མས་གསོ་སྦྱོང་གི་ཁྲོད་ནས་སོ་སོའི་ནུས་རྩལ་མཐོར་འདེགས་སུ་གཏོང་ཆེད་ཡིན།
སློབ་མ་ཚོར་གོ་སྐབས་དམ་འཛིན་བྱས་ནས་ནན་ཏན་གྱིས་སློབ་སྦྱོང་བྱ་རྒྱུར་ནན་གྱིས་བསྐུལ་ཏེ། སློབ་སྦྱོང་བྱས་པ་བརྒྱུད་དེ་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་ནས་ལོ་ཏོག་གི་ཐོན་ཚད་དང་སྤུས་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་དང་ས་གནས་ཀྱི་ཞིང་ལས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཀློག་འགྲེལ་བྱས་ནས་སློབ་མ་ཚོར་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་རྒྱུས་ལོན་བྱེད་དུ་བཅུག་སྟེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྤེལ་དགོས།
ཐེངས་འདིའི་གསོ་སྦྱོང་བྱས་པ་བརྒྱུད། སློབ་མ་རྣམས་ཀྱིས་འདེབས་འཛུགས་ལག་རྩལ་དང་ལས་གཉེར་དོ་དམ་གྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཏེ། བསླབས་པའི་ཤེས་བྱ་གང་དེ་ཐོན་སྐྱེད་དངོས་ཀྱི་ཁྲོད་དུ་བཀོལ་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ལས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད། དུས་མཚུངས་སུ་ཐེངས་འདིའི་གསོ་སྦྱོང་གོ་སྐབས་སུ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་ཚད་མཐོ་བའི་རོང་འབྲོག་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་གསར་པ་སྣོན་ཐུབ་པའི་རེ་བའང་ཡོད། །