ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚེས་28ཉིན་གྱི་ཕྱི་དྲོར་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་རྒྱུའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བདུན་པ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། 2035ལོར་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་ཚར་བ་བྱེད་པའི་འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་ཏེ། རྩ་བའི་མཛུབ་ཁྲིད་དགོངས་པ་ཡིན་པའི་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་། རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་དཔལ་ལ་གཞི་ཚུགས་པ། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པ་བཅས་ཀྱིས། བསམ་བློའི་ཁྲིད་སྟོན་ནུས་པ་དང་བསམ་པའི་གོང་བུར་འགྲིལ་ཤུགས། རིན་ཐང་གི་བློ་སེམས་འགུག་ནུས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རིག་གནས་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
པེ་ཅིང་སློབ་ཆེན་གྱི་སློབ་སྤྱི་གཞོན་པ། དགེ་རྒན་ཆེ་མོ་བ་བློ་མཐུན་ཝང་པོ་ཡིས་གནད་དོན་འདིའི་ཐད་འགྲེལ་བཤད་གནང་བ་དང་ལས་དོན་གྱི་གྲོས་འགོ་བཏོན་གནང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་ཡོད།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པ་གྲུབ་པ་དང་། རིག་གནས་འཛུགས་སྐྱོང་ལ་གཞི་སྒྱུར་རྩ་སྒྱུར་དང་དྲང་སྲུང་གསར་གཏོད་ཁྲོད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་ཐེབས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་པའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་རིག་གནས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་སྟེ། བསམ་བློ་དང་བསམ་པ། རིག་གནས་བཅས་ཀྱི་ཐོག་ནས་ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། དེང་རབས་ཅན་དང་འཛམ་གླིང་། མ་འོངས་པ་བཅས་ལ་ཁ་ཕྱོགས་པའི་མི་རིགས་དང་ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་གཏོད་དགོས་པ་དང་། གཙོ་རྒྱུན་རིན་ཐང་དང་གཙོ་རྒྱུན་གླེང་ཕྱོགས། གཙོ་རྒྱུན་རིག་གནས་བཅས་དར་རྒྱས་གོང་འཕེལ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་ཤུགས་ཆེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱེད་པ་དེ་རིག་གནས་ཀྱི་སྒྲིག་གཞི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ཏེ། རིག་གནས་དོ་དམ་སྒྲིག་གཞི་དང་ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་དགོས། རིག་གནས་གསར་རྩོམ་བྱེད་ནུས་ཆེ་རུ་གཏོང་བར་དམིགས་ཏེ། རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་ལ་ཞབས་ཞུ་དང་ཁྲིད་སྟོན། སྒྲིག་འཛུགས་བཅས་བྱེད་པའི་ལས་དོན་གྱི་ལམ་སྲོལ་ལེགས་སུ་གཏོང་བ་དང་། མི་སེམས་སུ་གཏིང་ཟབ་ཟུག་པའི་དུས་རབས་ཀྱི་གསུང་རབ་བཀའ་རྩོམ་ཁག་གཅིག་ཐོན་པ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་ཡང་རྩེ་གསར་པ་ཞིག་གཏོད་དགོས། རིག་གནས་ཀྱི་སྐྱེ་ཁམས་བཟང་པོ་སྐྲུན་གང་ཐུབ་དང་། རིག་གཞུང་དམངས་གཙོ་དང་རིག་རྩལ་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། རྩོམ་པ་པོ་དང་སྒྱུ་རྩལ་པ། ཆེད་ལས་མཁས་པ་དང་རིག་གནས་པ་བཅས་ཀྱིས་འཚོ་བར་གཞི་ཚུགས་པ་དང་བློ་རྩེ་བསྒྲིམ་ནས་གསར་རྩོམ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་རྒྱུར་སྐུལ་འདེད་གཏོང་དགོས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ཕན་ནུས་ལྡན་པའི་ལམ་སྲོལ་འཚོལ་ཞིབ་བྱེད་པ་དང་། རིག་གནས་འཛུགས་སྐྱོང་བྱེད་པར་གྲངས་འཛིན་ཅན་གྱི་ནུས་པ་སྤྲོད་རྒྱུ་དང་ཆ་འཕྲིན་ཅན་གྱི་བརྗེ་སྒྱུར་ཡོང་བ་བྱས་ཏེ། རིག་གནས་ཐོན་ཁུངས་ཀྱི་བཟང་ཆ་དེ་རིག་གནས་འཕེལ་རྒྱས་ཀྱི་བཟང་ཆར་བསྒྱུར་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རིག་གནས་འཛུགས་སྐྱོང་བྱེད་པར་མི་ཡི་དོན་དུ་དམིགས་པ་དང་མི་ཡི་ཐོག་ཏུ་འཁྱོལ་ཐུབ་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་བང་རིམ་མང་བ། ཕྱོགས་མང་བ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུར་དམིགས་ཏེ། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས། རིག་གནས་ཀྱིས་བློ་སྟོབས་གསོ་སྤེལ་དང་བསམ་པའི་འཁྱེར་གསོ་གསོ་བའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། མི་རིགས་ཧྲིལ་པོའི་འབད་འབུངས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་སྣང་གསོ་སྤེལ་བྱེད་དགོས། ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་བཀུར་ཞུ་བ་དང་། རིག་གནས་ཁྱབ་ཁོངས་ཀྱི་ཁྱད་ཆོས་དང་མཐུན་པའི་ཤེས་ལྡན་མི་སྣ་འདེམས་སྒྲུག་དང་གསོ་སྐྱོང་། བཀོལ་སྤྱོད། ལྕག་སྐུལ་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཤེས་ལྡན་མི་སྣ་ངོས་འཛིན་དང་ཤེས་ལྡན་མི་སྣར་མཐོང་ཆེན། ཤེས་ལྡན་མི་སྣར་གཅེས་སྤྲས་བཅས་བྱེད་པའི་སྲིད་ཇུས་ཀྱི་ཁོར་ཡུག་ཡག་པོ་འཛུགས་པ་བཅས་བྱས་ཏེ། གཞི་ཁྱོན་ཆེ་བ་དང་གྲུབ་གཞི་ལུགས་མཐུན། བློ་བརྟན་གསར་གཏོད་བཅས་ལྡན་པའི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་ཁྲོད་ཀྲུང་ཧྭའི་ཤེས་དཔལ་གྱི་རིག་གནས་འབྱུང་གཞི་རྒྱུན་འཛིན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གཙོ་གཟུགས་རང་བཞིན་མཐོར་འདེགས་བྱས་ཏེ། ལོ་ངོ་སྟོང་གི་རིང་རྒྱུན་འཛིན་བྱས་པའི་ཀྲུང་ཧྭའི་ཤེས་དཔལ་གྱི་ཉིང་བཅུད་སྲུང་སྐྱོབ་ཡག་པོ་དང་དར་སྤེལ་ཡག་པོ། གོང་འཕེལ་ཡག་པོ་བཅས་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་ཉིང་བཅུད་སྔོག་འདོན་དང་གསལ་འགྲེལ་གཏིང་ཟབ་བྱེད་པ་དང་། མར་ཁེ་སི་རིང་ལུགས་སྤྱད་དེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཕུལ་བྱུང་གཞི་རྒྱུ་སྐུལ་སློང་བྱེད་པ་མ་ཟད་དེར་དུས་རབས་ཀྱི་དོན་སྙིང་གསར་པ་བསྣན་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་གཏོང་དགོས། ལོ་རྒྱུས་ལ་དད་བཀུར་དང་རིག་གནས་ལ་དད་ཞེན་བྱེད་སེམས་རྒྱུན་འཁྱོངས་བྱེད་པ་དང་། སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་བཀོལ་སྤྱོད་ལུགས་མཐུན། ཐེ་གཏོགས་ཉུང་ཤོས་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཤུལ་བཞག་ལ་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་གཅིག་གྱུར་ལྟ་འདོམས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་སྲོལ་ལམ་ལུགས་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱལ་ཁབ་ཀྱི་རིག་གནས་ཀྱི་ནང་རྐྱེན་སྟོབས་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་ཁྱབ་སྤེལ་བྱེད་སྟངས་བསྐྱར་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། དྲ་བའི་ཐོག་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱེད་པ། ཐབས་ལམ་མང་བ་དང་ཆ་ཕྱོགས་ཡོངས་ནས་ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་པའི་གནས་སྟངས་གཏོད་དགོས། རང་འགུལ་སྔར་བས་ཆེ་བའི་ཐོག་ནས་ཀྲུང་གོའི་འདོད་ཚུལ་དྲིལ་བསྒྲགས་དང་ཀྲུང་ཧྭའི་རིག་གནས་བརྒྱུད་བསྒྲགས། ཀྲུང་གོའི་གཟུགས་བརྙན་མངོན་པ་བཅས་བྱ་དགོས། སྣ་མང་ཅན་གྱི་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་རྒྱ་ཁྱབ་ངང་སྤེལ་དགོས། མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་མཐའ་དག་ལ་རང་འགུལ་ངང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། སྔ་དེང་རིག་གནས་མཐའ་གསལ་མཐིལ་རྟོགས་དང་ཕྱི་ནང་ཕན་ཚུན་འབྲེལ་བའི་རིག་གནས་ཀྱི་གྲུབ་འབྲས་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་མཇུག་ཏུ། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་འགན་ཡིན། ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་འཛུགས་སྐྱོང་གི་འགོ་ཁྲིད་དོ་དམ་གྱི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལས་བྱེད་བསྐོ་བཞག་དང་ཤེས་ལྡན་པ་གསོ་སྐྱོང་། ཐོན་ཁུངས་གཏོང་བ་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱས་ཏེ། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།