ཀྲུང་དབྱང་གི་སྐོར་ཞིབ་ཐེངས་3པའི་ཕྱོཊ་བསྡུས་སྙན་ཞུར་གྲོས་ཞིབ་བྱས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་10ཚེས་28ཉིན་ཚོགས་འདུ་འཚོགས་ནས《སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

     ཚོགས་འདུའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག སྐོར་ཞིབ་ལས་དོན་གྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཐོག གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་ལག་བསྟར་ནན་པོ་བྱེད་པའི་རྩ་བའི་དགོངས་གཞི་མངོན་གསལ་དོད་པོ་ཡོང་བ་བྱས་པ་དང་། སྒྲིག་འཛུགས་བྱེད་ཐབས་གསར་གཏོད་དང་གོང་འོག་མཉམ་འགུལ་གཏིང་ཟབ་ཏུ་བཏང་བས། རལ་གྲི་རྣོན་པོའི་ནུས་པ་རྒྱུན་མཐུད་ངང་ཐོན་ཡོད། སྐོར་ཞིབ་བྱས་ཚུལ་ནས་བལྟས་ན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་བཅས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ་དང་། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་མོད། འོན་ཀྱང་གནད་དོན་ཁ་ཤས་ཀྱང་གནས་ཡོད། སྐོར་ཞིབ་དག་ཐེར་ལ་དམ་འཛིན་ནན་པོ་དང་ནན་ཏན་བྱས་ཏེ། “གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་པའི་ཁོངས་མིའི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་དང་། སྐོར་ཞིབ་དག་ཐེར་གྱི་སྒྲིག་འཛུགས་གཅིག་གྱུར་འཆར་འགོད་དང་རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྐོར་ཞིབ་དག་ཐེར་དེ་བསྒྱུར་བཅོས་ཟབ་སྤེལ་དང་ཟུང་འབྲེལ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་ཟུང་འབྲེལ། འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་ཟུང་འབྲེལ་བཅས་བྱས་ནས། རྒྱུན་ལྡན་གྱི་ལས་ཀ་དང་འགན་ནུས་ལས་འགན་ནང་མཉམ་འདྲེས་བྱས་ཏེ། དག་ཐེར་གྱི་ཕན་འབྲས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

     ཚོགས་འདུའི་ཐོག རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆབ་སྲིད་ཀྱི་གནས་བབ་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། འགན་འཁྲི་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་འགན་ཁུར་ཆེ་རུ་གཏོང་བ། སྒྲུབ་ཕོད་པ་དང་སྒྲུབ་མཁས་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། རང་འགུལ་ངང་ཏང་གི་དཀའ་ངལ་མཉམ་སེལ་དང་རྒྱལ་ཁབ་ཆེད་འགན་འཁྲི་གཙང་སྒྲུབ་བྱེད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བསྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དོགས་ཟོན་དང་སེལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། འགོ་ཁྲིད་ཚན་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། འགོ་ཁྲིད་ལས་བྱེད་པས་གོང་འོག་གཉིས་ཀར་ལས་དོན་སྒྲུབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་མཐར་ཕྱིན་པ་སྤྱད་དེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་བསམ་པ་བཅས་ལ་གཞི་གཅིག་ཅན་གྱི་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ། རུལ་སུངས་ལ་ཆད་པ་གཅོད་པའི་མཐོ་གནོན་རྣམ་པ་མུ་མཐུད་མཐའ་འཁྱོངས་བྱེད་པ། དབང་ཆ་བཀོད་སྒྲིག་དང་བཀོལ་སྤྱོད་ཀྱི་ཚོད་འཛིན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་མེད་པ་བཟོ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རུལ་སུངས་ཀྱི་གནད་དོན་སྔོན་འགོག་དང་བཅོས་སྐྱོང་བྱ་རྒྱུ་དེ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

     ཚོགས་འདུའི་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།