ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོའི་སྐོར་གྱི་རྣམ་བཤད་གཅེས་བཏུས》ཞེས་པའི་དཔེ་དེབ་ཉེ་ལམ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་བཀྲམ།
མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་འགན་ལེན་བྱེད་པ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གོ་གནས་སྟེང་བཞག་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་དང་། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་གཏན་འཁེལ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཚང་མར་ཁྱབ་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་པས། རང་རྒྱལ་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་ཆུ་ཚད་མངོན་གསལ་དོད་པོས་ཇེ་མཐོར་སོང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་ལ། བསམ་བློ་གཏིང་ཟབ་པས། དུས་རབས་གསར་པར་རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བདེ་ཐང་གི་རྨང་གཞི་བརྟན་པོ་འདིང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།
《རྣམ་བཤད་གཅེས་བཏུས》དེ་ཆེད་དོན10ལ་དབྱེ་བ་དང་རྣམ་བཤད་ཁྱོན292ཡོད། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པ་ནས2024ལོའི་ཟླ9པའི་བར་གྱི་སྙན་ཞུ་དང་། གསུང་བཤད། གླེང་མོལ། ཤིས་ཚིག འཕྲིན་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཡིག་ཚགས་གལ་ཆེན140ལྷག་ཙམ་ལས་བཏུས་ཤིང་། དེའི་ཁྲོད་ཀྱི་རྣམ་བཤད་ཁག་ཅིག་ནི་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་རེད།