ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་བསྐུར་བ་དང་། ཀྲུང་གོ་རྒྱ་མཚོའི་སློབ་ཆེན་བཙུགས་ནས་ལོ100འཁོར་བའི་སྐབས་སུ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་། ལས་བཟོ་པ། རྒྱ་ཆེའི་སློབ་གྲོགས་བཅས་ལ་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཁྱོད་ཚོས་སློབ་གྲྭ་བཙུགས་ནས་ལོ་བརྒྱ་འཁོར་བ་འགོ་རྩོམ་ས་གསར་པར་བྱེད་པ་དང་། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་སྣེ་ཁྲིད་དུ་བྱས་ཏེ། རིག་ཚན་གསར་འཛུགས་ལེགས་སྒྲིག་རྐྱེན་སྲོལ་དང་འཇོན་མི་གསོ་སྐྱོང་བྱེད་སྟངས་འཐུས་ཚང་དུ་གཏོང་བ་དང་། གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་རྒྱ་མཚོའི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ། ཕུགས་བསམ་ལྡན་པ་དང་དུས་རབས་ཀྱི་ལས་འགན་ལྕི་མོ་ཁུར་ཐུབ་པའི་རྒྱ་མཚོའི་ཕུལ་བྱུང་འཇོན་མི་སྔར་ལས་མང་པོ་ཧུར་ཐག་གིས་གསོ་སྐྱོང་བྱས་ནས། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གོ་རྒྱ་མཚོའི་སློབ་ཆེན་དེ1924ལོར་བཙུགས་པ་དང་། 2002ལོར་ཆིང་ཏའོ་རྒྱ་མཚོའི་སློབ་ཆེན་ནས་ཀྲུང་གོ་རྒྱ་མཚོའི་སློབ་ཆེན་ཞེས་པར་བསྒྱུར། ཉེ་ལམ། ཀྲུང་གོ་རྒྱ་མཚོའི་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། སློབ་གྲྭའི་ལོ་བརྒྱའི་སློབ་གཉེར་གྱི་འབད་འཐབ་ལོ་རྒྱུས་སྙན་ཞུར་ཕུལ་བ་དང་། ཧུར་ཐག་གིས་རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ། ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་ཆོད་སེམས་མཚོན་པར་བྱས།