ཞི་ཅིན་ཕིང་གིས་ཡོ་ནན་རྒྱལ་ཁབ་ཀྱིས་གསར་དུ་བསྐོས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ10ཚེས22ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེང་ཆང་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  ཉེ་བའི་ལོ་ཤས་ནང་རང་ཉིད་དང་ཡོན་ནན་གྱི་འགོ་ཁྲིད་བློ་མཐུན་བར་འཐབ་ཇུས་ཀྱི་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ།  ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་དེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པའི་དུས་རབས་གསར་པར་སླེབས་པར་མཉམ་དུ་སྣེ་ཁྲིད་བྱས་པ་ཡིན།  ད་ལོའི་ཟླ8པར།  སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་ཀྲུང་གོར་ཕུན་སུམ་ཚོགས་པའི་འཚམས་འདྲི་གནང་ཞིང་། ངས་ཁོང་དང་འབྲེལ་བ་གཏིང་ཟབ་བྱས་ཏེ་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཅང་མ་འགོར་བའི་སྔོན་དུ། ཁྱེད་རང་ཀྲུང་གོར་འཚམས་འདྲིར་ཕེབས་སྐབས་ངས་ཁྱེད་ཉིད་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བརྗེ་རེས་བྱས་ནས།  འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་དང་། དར་ཆ་མཐོན་པོར་སྒྲེང་བ་དང་ཁ་ཕྱོགས་གཏན་འཁེལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ལམ་བུ་བརྒྱུད་ནས་འཕེལ་རྒྱས་སུ་འགྲོ་བར་འགན་ལེན་བྱ་རྒྱུའི་མོས་མཐུན་བྱུང་ཡོད། ཕྱོགས་གཉིས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྱི་ཐུན་མོང་ངོས་འཛིན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ཏེ།  ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།   ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་ལེགས་པོར་བསྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་དང་།  ཡོ་ནན་ཕྱོགས་ཀྱིས་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་གྲ་སྒྲིག་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།   ངས་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་མཉམ་དུ་འབད་བརྩོན་བྱས་ཏེ།  ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་མང་པོ་བསྐྲུན་འདོད་ཡོད་ཅེས་གསུངས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།