ཚེས13ཉིན་གསར་འགོད་པས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་སྔར་རང་རྒྱལ་གྱིས་སྲུང་སྐྱོང་གི་རིན་ཐང་གལ་ཆེན་ལྡན་པའི་གྲོང་ཚོ8155ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་གི་མིང་གཞུང་ནང་བཅུག གོམ་སྟབས་རྗེས་མར་སྡོད་ཁང་དང་གྲོང་ཁྱེར། གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ས་གནས་ཁག་ལ་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་དང་བེད་སྤྱོད་སྔར་ལས་ཡག་པོ་བྱས་ཏེ། སྔོན་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེར་བརྟག་དཔྱད་ཚོད་སྐོར་སོགས་ལས་དོན་རབ་དང་རིམ་པ་སྤེལ་དགོས་པའི་བླང་བྱ་བཏོན།
སྡོད་ཁང་དང་གྲོང་ཁྱེར། གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ས་གནས་ཁག་གིས་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་ནས་བཤིག་སྐྲུན་ཆེན་པོ་བྱེད་པ་དང་། བཤིག་སྐྲུན་རྫུས་མ་བྱེད་པ། དོ་དམ་ཤོར་བ་དང་ཉམས་གསོ་མི་བྱེད་པ། བེད་སྤྱོད་འོས་འཚམ་མི་བྱེད་པ་སོགས་ཀྱི་མངོན་གསལ་དོད་པོའི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ་སྲོལ་རྒྱུན་གྱི་གྲོང་སྡེ་ཀྲུང་ཧྭའི་དཔལ་ཡོན་མཚོན་རྟགས་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེར་བརྟག་དཔྱད་ཚོད་སྐོར་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་ཞེས་བཤད། དེ་དང་ཆབས་ཅིག་སྟབས་བསྟུན་བེད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་སྦྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་མུ་མཐུད་སྤེལ་ནས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མི་འདང་སར་ཁ་གསབ་བྱེད་དགོས།
སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ས་གནས་ཁག་གིས་སྲོལ་རྒྱུན་གྲོང་སྡེའི་སྤྲོ་གསེང་ཡུལ་སྐོར་དང་རིག་གནས་གསར་གཏོད་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། “འཆར་འགོད་གཤམ་སྤེལ”གྱི་ལས་དོན་མུ་མཐུད་སྤེལ་ནས་འཛུགས་སྐྲུན་གྱི་སྤུས་ཚད་བདེ་འཇགས་དང་སྡོད་གནས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བཤད། དེ་དང་ཆབས་ཅིག་རིག་གནས་རྒྱུན་འཛིན་སྔར་བས་མངོན་གསལ་དོད་དུ་གཏོང་བ་དང་གྲོང་ཚོའི་ལོ་རྒྱུས་རྩོམ་སྒྲིག་ལ་སྐུལ་འདེད་བཏང་ནས། སྲོལ་རྒྱུན་གྲོང་ཚོའི“རིག་གནས་ཀྱི་རྣམ་པ”སྔར་བས་ཟབ་ཏུ་གཏོང་དགོས་ཞེས་བསྟན།
གཞི་གྲངས་གསར་ཤོས་ལས་མངོན་གསལ། ད་སྔར་རང་རྒྱལ་གྱི་གྲོང་ཚོ8155ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་མ་ཟད། ད་དུང་སྒོ་བྱང་བཀལ་ནས་སྲུང་སྐྱོང་བྱེད་བཞིན་ཡོད་པ་དང་། ཞིང་ཆེན16གིས་གྲོང་ཚོ5028ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་ནས་སྲོལ་རྒྱུན་གྱི་སྐྲུན་དངོས་ཁྲི55.6སྲུང་སྐྱོང་བྱས་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་་གཟུགས་འདས་རིག་གནས་ཤུལ་བཞག་ཁག5965རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ། གྲོང་ཚོ5518ལ་གྲོང་ཚོའི་ལོ་རྒྱུས་དང་གྲོང་ཚོའི་འབྱུང་རབས་བཟོ་རྒྱུར་སྐུལ་འདེད་བཏང་།