ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས13ཉིན་ནི་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར75ལོན་པའི་དྲན་གསོའི་ཉིན་མོ་ཡིན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱིས“སྐེ་རས་དམར་པོ་ཅན་མེས་རྒྱལ་ལ་དགའ”ཞེས་པའི་བརྗོད་དོན་བྱེད་སྒོ་སྤེལ་ནས། ས་གནས་སོ་སོའི་ལོ་ཆུང་གདོང་ལེན་རུ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ཁྲོད་ལོ་ཆུང་གདོང་ལེན་རུ་ཁག་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་སློབ་སྦྱོང་དང་། དུས་རབས་གསར་པའི་རླབས་ཆེན་གྲུབ་འབྲས་ཉམས་ལེན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་རྒྱང་ལྟ་བཅས་བྱས།
ཡུན་ནན་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་ཕུའར་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་དམ་ཚིག་རྡོ་རིང་མདུན་དུ་ཡོང་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་གཏམ་རྒྱུད་སློབ་སྦྱོང་དང་རྒྱུས་ལོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་། སི་ཁྲོན་དུ“འཕྲིན་ལན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས། ལོ་ཆུང་གདོང་ལེན་པར་བརྩོན་ལེན་བྱེད”ཅེས་པའི་དཔེ་སྟོན་རུ་ཁག་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་དུ་སློབ་ཚན་ཁྲིད་བཞིན་ཡོད། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་གསོན་ཉམས་དོད་པའི་དཔེ་མཚོན་དང་ཉེ་འགྲམ་གྱི་གཏམ་རྒྱུད་ཁྲོད་ནས་ཀྲུང་གོ་གསར་པའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རླབས་ཆེན་གྲུབ་འབྲས་ཤེས་རྟོགས་བྱས། ཐེན་ཅིན་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་ལོ་གསར་རི་མོ་དང་འཇིམ་མིའི་ཚོན་རིས་སོགས་ལག་ཤེས་བཟོ་རྩལ་ཉམས་ལེན་དང་སྲོལ་རྒྱུན་ལག་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་རྒྱུས་ལོན་བྱས།
ཧྥུའུ་ཅན་དུ་རུ་མི་གསར་པ640ལྷག་གིས་མེ་སྟག་དཔལ་འབར་གྱི་དར་ཆའི་འོག་གཟི་བརྗིད་ལྡན་པའི་ངང་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པའི་དམ་བཅའ་བཞག སློབ་གྲྭ་ཆུང་འབྲིང11ནས་ཡོང་བའི་སྐེ་རས་དམར་པོའི་ཚོགས་པ་ཆུང་ཆུང25ཡིས་ད་དུང་ཧྥུའུ་ཅན་གྱི་ཟློས་གར་འཁྲབ་པ་དང་རྐོ་འབྲི་ནུས་རྩལ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ཨན་ཧུའེ་དང་ཧུའུ་པེ་སོགས་སུ་སློབ་གྲྭ་མང་པོ་ཞིག་གི་ལོ་ཆུང་གདོང་ལེན་རུ་ཁག་གི་རྔ་རྟགས་རུ་ཁག་གིས་དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཉམས་འགྱུར་མངོན་ཡོད།
ཅང་ཞི་ནན་ཁྲང་དུ་ལོ་ཆུང་གདོང་ལེན་རུ་མི་ཚོས“སྐེ་རས་དམར་པོའི་སྤྱི་སྤྱོད་རླངས་འཁོར”ལ་བསྡད་དེ་གྲོང་ཁྱེར་ལ་སྤྲོ་གསེང་ལྟ་སྐོར་དང་། གསར་བརྗེའི་ས་རྟགས་འཛུགས་སྐྲུན། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་ཤེས་རྟོགས་བཅས་བྱེད་བཞིན་ཡོད། ཧོ་པེ་དང་ནང་སོག ཧྲན་ཏུང་སོགས་ས་ཁུལ་དུ་ལོ་ཆུང་གདོང་ལེན་རུ་མི་ཚོས་སྣང་ཚུལ་འཁྲབ་སྟོན་དང་། སྤྲོ་སྣང་ལྡན་པའི་དྲི་བ་དྲིས་ལན། གླུ་གཞས་མཉམ་སྦྲེལ་སོགས་ཀྱི་རྣམ་པས་ཏང་གི་མགོ་ཁྲིད་འོག་གི་ལོ་ཆུང་གདོང་ལེན་རུ་ཁག་གི་འཕེལ་རྒྱས་བརྒྱུད་རིམ་སློབ་སྦྱོང་དང་ཤེས་རྟོགས་དང་། ཀྲུང་གོ་གསར་པའི་འོད་སྟོང་འབར་བའི་ལོ་ཟླ་ལ་རྒྱུས་ལོན་བྱས། ཧེ་ལུང་ཅང་དང་ཁྲུང་ཆིང་སོགས་ས་ཁུལ་གྱི་ལོ་ཆུང་གདོང་ལེན་རུ་མི་རྣམས་ཀྱིས་སྨི་བརྒྱའི་རི་མོའི་དེབ་ཐོག་ཏུ་མེས་རྒྱལ་གྱི་བརྗིད་ཆགས་ཡིད་དུ་འོང་བའི་རི་ཀླུང་བཀོད་པ་རེད། །