ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རང་རྒྱལ་གྱིས་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས་སྲོལ་རྒྱུན་གྲོང་སྡེ་ཀྲུང་ཧྭའི་དཔལ་ཡོན་མཚོན་རྟགས་མ་ལག་ནང་འཇུག་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེར་བརྟག་དཔྱད་དཔྱད་དཔོག་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་སྤེལ་བ། ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ། ལམ་ལུགས་ཀྱི་འགན་སྲུང་ལ་སྔར་ལས་ཤུགས་སྣོན་བྱ་རྒྱུ་རེད།
ཚེས13ཉིན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་ཅང་ཞི་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་དུ་རྒྱལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བེད་སྤྱོད་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་རང་རྒྱལ་གྱི་གྲོང་སྡེ8155ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་དང་འབྲེལ། སྒོ་བྱང་བཀལ་ནས་སྲུང་སྐྱོང་བྱས་པ་དང་། ཞིང་ཆེན16གིས་གྲོང་སྡེ5028ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་ནས་སྲོལ་རྒྱུན་བཟོ་སྐྲུན་སྟར་པ་ཁྲི55.6སྲུང་སྐྱོང་བྱས་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁག5965རྒྱུན་འཛིན་འཕེལ་རྒྱས་བཏང་བས། འཛམ་གླིང་སྟེངགཞི་ཁྱོན་ཆེས་ཆེ་བ་དང་རིན་ཐང་ཆེས་ཕུན་སུམ་ཚོགས་པ། སྲུང་སྐྱོང་ཆོས་ཆ་ཚང་ཡིན་པ་བཅས་ཀྱི་ཞིང་ལས་དཔལ་ཡོན་ཤུལ་བཞག་སྲུང་སྐྱོང་ཚོགས་པ་ཞིག་ཆགས་ཡོད།
ཚོགས་འདུའི་སྟེང་བབ་བསྟུན་བེད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་སྦྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་མུ་མཐུད་དུ་སྤེལ་བ། གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མི་འདང་སར་ཁ་གསབ་བྱེད་པ། སྤྲོ་གསེང་ཡུལ་སྐོར་དང་རིག་གནས་གསར་གཏོད་སོགས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། “གྲོང་གསེབ་ཏུ་ཇུས་འགོད་བྱེད་པའི”ལས་དོན་མུ་མཐུད་སུ་སྤེལ་བ། འཛུགས་སྐྲུན་གྱི་སྤུས་ཚད་བདེ་འཇགས་དང་སྡོད་གནས་ཀྱི་སྤུས་ཚད་མཐོར་གཏོང་བཅས་བྱེད་དགོས། སྲོལ་རྒྱུན་གྲོང་སྡེའི་འཚོ་བའི་རྣམ་པ་སྔར་ལས་དར་རྒྱས་སུ་གཏོང་དགོས། དེ་དང་ཆབས་ཅིག་རིག་གནས་རྒྱུན་འཛིན་སྔར་བས་མངོན་གསལ་དུ་གཏོང་བ་དང་། རྒྱུན་རྣམ་ཅན་དང་སྣ་མང་ཅན་གྱི་དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་པ། གྲོང་སྡེའི་ལོ་རྒྱུས་དང་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་སྒར་ས་འཛུགས་སྐྲུན་དང་གསར་གཏོད་ཀྱི་བློ་གྲོས་ལ་ཞིབ་འཇུག་དང་གསེད་བཀྲོལ་བྱེད་པ་བཅས་བྱས་ནས། སྲོལ་རྒྱུན་གྲོང་སྡེའི“རིག་གནས་ཀྱི་ཉམས་འགྱུར”སྔར་བས་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།
སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བྱེད་པར་སྔོན་ལ་སྲུང་སྐྱོང་བྱེད་པ་དང་། བེད་སྤྱོད་རྨང་གཞིར་བྱེད་པ། རྒྱུན་འཛིན་རྩ་བར་འཛིན་པ་བཅས་རྒྱུན་འཁྱོངས་དང་། གྲོང་མི་གཙོ་གཞི་ཡིན་པ་དང་སྲིད་གཞུང་གིས་གཙོ་ཁྲིད། སྤྱི་ཚོགས་ཀྱིས་རམ་འདེགས་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་གྲོང་སྡེའི་ཁྲོད་ཀྱི་རིགས་སོ་སོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པ་དང་སྲོལ་རྒྱུན་གྲོང་སྡེས་རྒྱུན་འཛིན་བྱེད་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི“བླ་སྲོག”དེ་སྲུང་སྐྱོང་བྱེད་དགོས་ཞེས་བཤད། །