སྡེ་ཁག་ལྔས་ཡིག་ཆ་བཀྲམས་ནས་སྤྱི་ཚོགས་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྒྲིག་སྲོལ་གསར་པ་བཟོས་པ།

ཡོང་ཁུངས། ཤིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། དམངས་སྲིད་པུའུ་དང་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཉེ་ཆར《སྤྱི་ཚོགས་རྩ་འཛུགས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ནས་ཡན་ལག(འཐུས་མི)སྒྲིག་གཞི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོན་བསྡུ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་གཏན་འབེབས་གསར་པ་བཟོས་ཡོད་པ་རེད།

གསར་འགོད་པས་ཤེས་གསལ་ལྟར་ན། མིག་སྔར་རང་རྒྱལ་གྱི་སྤྱི་ཚོགས་རྩ་འཛུགས་བསྡོམས་འབོར་ཁྲི88.2ལྷག་ཟིན་ནས་རྒྱལ་ཁབ་དང་སྤྱི་ཚོགས། མང་ཚོགས། ཞབས་ཞུའི་ལས་རིགས་སོགས་ལ་ཞབས་འདེགས་ཞུ་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། འོན་ཀྱང་དུས་མཚུངས་སུ་སྤྱི་ཚོགས་རྩ་འཛུགས་ཀྱི་ཁྱབ་ཁོངས་སུ་ད་དུང་འབུར་ཐོན་གནད་དོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་མི་ཉུང་བ་ཞིག་གནས་ཡོད་པ་དང་། འབྲེལ་ཡོད་ལམ་ལུགས་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ་བྱེད་ཐབས་ལ་ད་དུང་ཤུགས་སྣོན་རྒྱག་དགོས།

བསམ་འཆར་ནང་སྤྱིའི་བླང་བྱ་ཕུད། ཁྲིམས་ལྟར་ཐོ་འགོད་ཞིབ་བཤེར་ནན་པོ་བྱེད་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ལ་ཁྲིད་སྟོན་ཧུར་ཐག་བྱེད་པ། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་ལྔ་དང་ནང་དོན18ཚུད་ཡོ།

ཁྲིམས་ལྟར་ཐོ་འགོད་ཞིབ་བཤེར་ནན་པོ་བྱེད་པའི་ཐད། གསར་འཛུགས་ཐོ་འགོད་དུས་མཚམས་སུ་གྲོས་གཞི་འདོན་མཁན་ལ་ལས་སྤྱི་ཚོགས་རྩ་འཛུགས་ཀྱི་ཁེ་གཉེར་མིན་པའི་ཁྲིམས་མིའི་ངོ་བོ་ཤེས་རྟོགས་མི་བྱེད་པ་དང་། ཞལ་འདེབས་རྒྱག་མཁན་ལ་ལས་ཞལ་འདེབས་རྒྱུ་ནོར་དེ་སྤྱི་ཚོགས་རྩ་འཛུགས་ལ་གཡར་བའམ་ཡང་ན་མ་འཇོག་བྱས་ནས་སྤྱི་ཚོགས་རྩ་འཛུགས་ཀྱི“རྐང་དབང་”ཐོབ་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། བསམ་འཆར་ནང་རིམ་པ་སོ་སོའི་དམངས་སྲིད་སྡེ་ཚན་གྱིས་སྔོན་ལ་གསལ་བརྡ་བཏང་ནས་དྲན་སྐུལ་བྱས་ཏེ་གྲོས་གཞི་འདོན་མཁན་དང་ཞལ་འདེབས་རྒྱག་མཁན་གྱིས་སྤྱི་ཚོགས་རྩ་འཛུགས་ཐོ་འགོད་ཀྱི་རེ་ཞུ་བྱེད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

སྤྱི་ཚོགས་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བསམ་འཆར་གྱིས་སྤྱི་ཚོགས་རྩ་འཛུགས་ཀྱིས་མི་དང་། རྒྱུ་ནོར། དངོས་པོ། བྱེད་སྒོ་བཅས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་བའི་ནང་ཚོགས་མིའི(འཐུས་མི)ཚོགས་ཆེན་དང་། ལས་འཛིན་ལྷན་ཚོགས། ལྟ་ཞིབ་པ(ཚོགས་པ)སོགས་ནང་ཁུལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུ་ཚུད་ཡོད་པ་དང་། སྤྱི་ཚོགས་ཚོགས་པ་དང་ཐེབས་རྩ་ལྷན་ཚོགས་ཀྱིས་ཡན་ལག་དང་ལས་དོན(འཐུས་མི)སྒྲིག་གཞིའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ཡན་ལག(འཐུས་མི)ལས་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབང་འགན་ཁ་གསལ་དང་ཚོད་འཛིན་ནུས་ལྡན་གྱི་ནང་ཁུལ་ནོར་དོན་རྩིས་པའི་ལྟ་སྐུལ་ལམ་སྲོལ་དང་ནང་ཁུལ་ཚོད་འཛིན་མ་ལག་སོགས་ཐད་ཀྱི་བྱེད་ཐབས་འཛུགས་དགོས།

བསམ་འཆར་ནང་ད་དུང་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་ནུས་གཞིར་བཟུང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་པར་བྱེད་པ་དང་། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱིས་གྲོན་བསྡུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་གྱི་ལྟ་སྐུལ་དོ་དམ་དང་བློ་གྲོས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རྩ་འཛུགས་ཀྱི་སྲིད་འཛིན་ཁྲིམས་འཛིན་དང་། སྒྲིག་བཤེར་ལྟ་ཞིབ། ཉེས་དོན་ཁྲིམས་འཛིན་བཅས་སྦྲེལ་མཐུད་དང་འབྲེལ་མཐུད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།