ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་གསར་འགོད་པས་རྒྱལ་ཡོངས་ཀྱི་ཞིང་པའི་སློབ་གསོ་གསོ་སྦྱོང་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པའི་ཐོག་ནས་ཤེས་གསལ་ལྟར་ན། རང་རྒྱལ་གྱི་ཞིང་པའི་སློབ་གསོ་གསོ་སྦྱོང་ཐད་ཕྱོགས་བཞིའི་ཐད་ནས་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ཡིན་པ་སྟེ།
སྔར་ལས་ལྷག་པར་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཤེས་ལྡན་མི་སྣའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཞིང་ལས་ཞིང་སྡེ་པུའི་འབྲེལ་ཡོད་འགན་འཁུར་བས་གླེང་སྟེགས་ཐོག ཉེ་བའི་ལོ་ཤས་རིང་བྱང་ཚད་མཐོ་བའི་ཞིང་པའི་གསོ་སྐྱོང་རྣམ་གྲངས་ལོ་རེ་བཞིན་འབྲུ་རིགས་བརྟན་གཏོང་དང་སྣུམ་རིགས་འགན་སྲུང་མཁོ་སྤྲོད་ལ་ཕྱོགས་རྒྱུ་དང་། འབྲུ་སྣུམ་སྐྱེ་དངོས་ཀྱི་མུའུ་རེའི་ཐོན་འབབ་ཇེ་མང་དུ་གཏོང་རྒྱུར་ཞབས་ཞུ་དང་འདེགས་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཏན་ཏིག་འབུལ་རྒྱུ་ཡིན་པར་བཤད།
སྔར་ལས་ལྷག་པར་དབུལ་ཐར་ས་ཁུལ་གྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འགན་འཁུར་བ་དེས་བཤད་རྒྱུར། དབུལ་ཐར་ས་ཁུལ་ལ་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་མུ་མཐུད་གསོ་སྐྱོང་བྱས་ནས། ཞིང་པ་མང་ཚོགས་ལ་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་གྱི་ནུས་པ་ལྡན་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་ཆགས་པར་བྱེད་དགོས། དེ་དང་ཆབས་ཅིག་དབུལ་ཐར་མི་འབོར་གྱི་ལས་ཞུགས་དགོས་མཁོ་སྐོང་བ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་གསོ་སྦྱོང་བྱས་ནས་ཁོང་ཚོར་རྩལ་ནུས་ཁོང་དུ་ཆུད་པ་དང་། ལས་གནས་བརྟན་འཇགས་དང་ལས་ཞུགས་ཐུབ་པར་རོགས་རམ་བྱེད་དགོས་ཟེར།
སྔར་ལས་ལྷག་པར་གྲོང་གསེབ་ཀྱི་ལས་ཞུགས་དང་ལས་སྐྲུན་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱ་བསྐྱེད་དགོས། གསོ་སྦྱོང་གི་ནང་དོན་རྒྱ་ཆེར་གཏོང་བ་དང་། ཞིང་པའི་རྩལ་ནུས་ཆུ་ཚད་དང་ལས་ཞུགས་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཤིང་། ཁོང་ཚོར་རྫོང་ཁོངས་སུ་ལས་ཞུགས་ལས་གཏོད་བྱ་རྒྱུར་རོགས་རམ་བྱེད་དགོས།
སྔར་ལས་ལྷག་པར་གྲོང་གསེབ་འཕེལ་རྒྱས་འཛུགས་སྐྲུན་བཅོས་སྐྱོང་གི་ཤེས་ལྡན་མི་སྣ་མཁོ་སྤྲོད་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་འཕེལ་རྒྱས་དང་འཛུགས་སྐྲུན་བཅོས་སྐྱོང་གི་རིགས་སོ་སོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་ཞིང་པའི་བསམ་བློ་ཀུན་སྤྱོད་ཀྱི་བློ་སྦྱོང་དང་། གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བ། གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པ། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། མང་ཚོགས་ཀྱི་ལུས་རྩལ་ལུས་སྦྱོང་སོགས་ཕྱོགས་གང་ཅིའི་ཐད་ཀྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཤེས་གསལ་ལྟར་ན། བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་འཆར་གཞིར2023ལོར་ཞིང་པ་ཁྲི80ལྷག་གསོ་སྐྱོང་བྱས་ཡོད། ཞིང་ལས་དང་གྲོང་གསེབ་པུས་ཀྲུང་དབྱང་རྩ་འཛུགས་པུའུ་དང་མཉམ་འབྲེལ་ཐོག་གྲོང་གསེབ་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣའི་སྣེ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས། ལོ་རེར་མི་ཁྲི2གསོ་སྦྱོང་བྱས། ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཞིང་པའི་བྱང་ཚད་མཐོར་གཏོང་གི་གསོ་སྦྱོང་བྱ་སྤྱོད་སྤེལ་བ་དང་། 2023ལོར་སྲིད་འཛིན་གྲོང་ཚོ8000ཙམ་ལ་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་ནས། ཞིང་པ་མི་ཐེངས་ཁྲི34ལྷག་ལ་བྱང་ཚད་བློ་སྦྱོང་མཐོར་གཏོང་གི་སྤྱི་ཕན་གསོ་སྦྱོང་རྒྱ་ཁྱབ་ངང་སྤེལ། བྱང་ཚད་མཐོ་བའི་ཞིང་པའི་དཔུང་ཁག་གི་སྤུས་ཚད་དང་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་བརྟན་རླིང་ངང་གོང་འཕེལ་བྱུང་ནས། ཞིང་པ་ལས་མི་རང་ཡུལ་དུ་ལོག་ནས་ཞིང་ལས་དང་བྱ་གཞག་གསར་གཏོད་བྱེད་པའི་ཧུར་སེམས་རིམ་བཞིན་ཆེ་རུ་ཕྱིན། །