ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་བྱེད་པ་དང་ཚོགས་མི། དང་བླངས་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཏེ། རྒྱ་གྲམ་དམར་པོའི་ཚོགས་པའི་ལས་དོན་ལེགས་པོར་སྒྲུབ་པར་རེ་བ་བཏོན།
ཞི་ཅིན་ཕིང་གི་འཕྲིན་ཡིག་ཁྲོད་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པ་ནི་མི་ཆོས་ཀྱི་ཁྱབ་ཁོངས་སུ་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་དང་སྦྲེལ་ཐག་ལྟ་བུ་ཡིན། དུས་རབས་གསར་པའི་བགྲོད་ལམ་གསར་པའི་སྟེང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ། བཅོས་སྒྱུར་གསར་གཏོད་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེ་རུ་གཏོང་བ། ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། མི་ཆོས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་རྒྱབ་སྐྱོར་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་གྲམ་དམར་པོའི་ལས་དོན་ལ་མགོ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱ་གྲམ་དམར་པོ་ཚོགས་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པ་ནན་གྱིས་བསྟན་ལ། རྒྱལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་བྱ་བ་སྒྲུབ་མཁན་དང་ཚོགས་མི། དང་བླངས་པ་བཅས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། དུས་རབས་ཀྱི་ལས་འགན་ལྗིད་མོ་ཕྲག་ཏུ་བླངས་ཏེ། འབད་འཐབ་ལྷོད་མེད་བྱེད་པའི་ཁྲོད་དུ་ཀྲུང་གོ་རྒྱ་གྲམ་དམར་པོའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་པའི་ཐུགས་རེ་བཏོན།
ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚེས9ཉིན་པེ་ཅིན་དུ་འཚོགས་ཤིང་། ཚོགས་ཆེན་སྟེང་ཞི་ཅིན་ཕིང་གི་འཕྲིན་ཡིག་བརྒྱུད་སྒྲོག་བྱས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་འཐུས་མི་ཡོངས་ལ་ཐུག་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་མཛད་སྒོའི་སྟེང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ་བར་མ་ཟད་ཐུག་འཕྲད་ལ་ཞུགས། ཁོས་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྒྱ་གྲམ་དམར་པོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། དུས་རབས་གསར་པའི་སྐྱོད་ལམ་གསར་པར། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས། “སྐྱོབ་གསུམ་སྦྱིན་གསུམ”གྱི་རང་འཁྲིའི་ལས་དོན་ལ་ཤུགས་བསྣན་ནས། ལས་སྒོའི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ཏང་དང་སྲིད་གཞུང་གིས་དམངས་འཚོའི་མས་སྐྱོར་འགན་སྲུང་གི་དྲ་བ་ཇེ་དམ་ཏུ་གཏོང་བར་རམ་འདེགས་བྱེད་དགོས། རྒྱ་གྲམ་དམར་པོ་ཚོགས་པའི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་སྦྱོང་བརྡར་བྱེད་པ། རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱ་གྲམ་དམར་པོའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བཤད།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧི་ཝེ་གོང་གསལ་གྱི་བྱ་འགུལ་ལ་ཞུགས།
ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ཁྲིན་ཀྲུའུ་ཡིས་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་གནང་། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་འཐུས་མི་དང་། རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་སོ་སོར་ཤིས་ཚིག་ཕུལ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཞུས་ལིའུ་ཕེན་གྱིས་མང་ཚོགས་ཚོགས་པའི་ཚབ་བྱས་ནས་ཤིས་ཚིག་ཕུལ། ཚོགས་ཆེན་སྟེང་རྒྱལ་ཡོངས་རྒྱ་གྲམ་དམར་པོ་ཚོགས་པའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང32དང་སྔོན་ཐོན་བྱ་བ་སྒྲུབ་མཁན10ལ་གཟེངས་བསྟོད་བྱས། །