ཟླ10ཚེས1ཉིན་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་དང་གཞི་རིམ་དཔུང་སྡེ་ཁག་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།
ཡུལ་སྐོར་བས་ཚྭ་ཁ་ཚྭ་མཚེའུ་རུ་དྲན་རྟེན་འདྲ་པར་བརྒྱབ།
ཟི་ལིང་གྲོང་མིས་ལྟེ་བའི་ཐང་ཆེན་དུ་དུས་ཆེན་ལ་རོལ་བ།
ཟླ10ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི“རྒྱལ་ཁབ་སྟོབས་ཆེན་འགྱུར་ལ་ང་རང་ཡོད”ཞེས་པའི་ཟི་ལིང་གྲོང་ཁྱེར་གྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྟེ་རྒྱལ་སྟོན་བརྗོད་དོན་བྱས་པའི་འཁྲབ་སྟོན་བྱེད་སྒོ་ལྟེ་བའི་ཐང་ཆེན་དུ་འཚོགས་པ་དང་། ཟི་ལིང་གི་མི་རིགས་ཁག་གི་མང་ཚོགས་ཚོས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། མེས་རྒྱལ་ལ་བསྟོད་གླུ་ཕུལ་བ་དང་། མངར་ཐང་དར་རྒྱས་ཡོང་བར་སྨོན་འདུན་ཞུས་པ་རེད།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས1ཉིན། ཞོགས་པའི་ཉི་ཤར་གྱི་རྩེ་མོ་ཡངས་པའི་ས་གཞིར་ཆེན་པོར་འཕྲོ་དུས། ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75འཁོར་བའི་འཁྲུངས་སྐར་དགའ་བས་བསུས། རྨ་ཙོང་རོང་ས་ནས་གཙང་གསུམ་ཆུ་འགོའི་བར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། རྒྱ་ཆེའི་ཞིང་འབྲོག་ས་ཁུལ་ནས་དེང་རབས་ཅན་གྱི་གྲོང་ཁྱེར་བར་དུ་མི་སེམས་འགུལ་བའི་རྒྱལ་གཅེས་སེམས་པ་རབ་ཏུ་འཕེལ།
ཉིན་དེར་མཚོ་སྔོན་གྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རླབས་ཆེན་མེས་རྒྱལ་ལ་ཤིས་ཚིག་ཕུལ་ཞིང་། ས་མཐོའི་བུ་དང་བུ་མོ་རྣམས་ཀྱིས་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་ལོ་ལེགས་བཏེགས་ཏེ་རྒྱལ་གཅེས་སེམས་པ་མཚོན་པར་བྱས་པ་རེད།
བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ནས་རྒྱལ་གཅེས་སེམས་ཤུགས་བསྐྱེད།
ཟླ10ཚེས1ཉིན་གྱི་ཞོགས་པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཅང་ཆན་ཤང་དུ་འབྲོག་པ་ཚོས་སྔ་ས་ནས་ཐང་ཆེན་དུ་ཡོང་སྟེ། སྐད་གསང་མཐོན་པོའི་རྒྱལ་གླུའི་ལེན་པ་དང་ཆབས་ཅིག་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ལྷག་ཙམ་ཡོད་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་བསྒྲེངས་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
“ང་ཚོས་ཇ་སྟོན་ཚོགས་འདུ་ཆུང་གྲས་ཤིག་འཚོགས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག འཚོ་བར་འགྱུར་ལྡོག་གང་འདྲ་བྱུང་བ་ཤོད་དགོས”ཞེས་རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཅང་ཆན་ཤང་སྲིད་གཞུང་གི་ལས་དོན་པས“མེས་རྒྱལ། ངས་ཁྱེད་ལ་གཏམ་ཞིག་བཤད་འདོད”ཅེས་པའི་བྱེད་སྒོ་སྒྲིག་འཛུགས་ཐོག་སྤེལ་ཞིང་། ཚང་མ་མཉམ་དུ་འཛོམས་ནས་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་ཟབ་མོ་གང་བསམ་ལྷུག་གླེང་བྱས།
“གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། གུང་ཁྲན་ཏང་མེད་ན་ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བ་ཡོད་མི་སྲིད། མེས་རྒྱལ་གྱི་དྲིན་ཤེས་ཤིང་གུང་ཁྲན་ཏང་ལ་དྲིན་གཟོ་བྱེད”ཅེས་གྲོང་མི་ཞ་པའོ་ཡིས་ཐོག་མར་མིག་ཟུང་ལ་མཆི་མ་འཁྱིལ་ཞོར་དེ་ལྟར་བཤད། གྲོང་མི་འོད་མཚོས“ལོ་དེ་དག་རིང་གི་གྲོང་ཚོའི་འགྱུར་ལྡོག་ཚང་མས་མཐོང་ཐུབ་པ་རེད། མ་གཞི་འབྲོག་ཁུལ་དུ་འཚོ་བ་སྐྱེལ་བཞིན་ཡོད་མོད། འོན་ཀྱང་ང་ཚོས་གྲོང་ཚོ་ནས་གྲོང་ཁྱེར་འཚོ་བ་རོལ་ཐུབ་ཀྱི་ཡོད། སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་མེད་ཚེ་ད་ཆའི་བདེ་སྐྱིད་ཐོབ་ག་ལ་སྲིད། ང་ཚོས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་ཏེ། མེས་རྒྱལ་སྔར་བས་དར་རྒྱས་དང་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ཆེད་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ངེས་ཡིན”ཞེས་བཤད།
ཟླ10ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི“རྒྱལ་ཁབ་སྟོབས་ཆེན་འགྱུར་ན་ང་རང་ཉིད་ཡོད”ཅེས་པའི་ཟི་ལིང་གྲོང་ཁྱེར་གྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྟེ་རྒྱལ་སྟོན་གྱི་བརྗོད་དོན་འཁྲབ་སྟོན་ལྟེ་གནས་ཐང་ཆེན་དུ་འཚོགས་པ་དང་། ཟི་ལིང་གི་མི་རིགས་ཁག་གི་མང་ཚོགས་རྣམས་དགའ་སྤྲོ་མཉམ་འཛོམས་ཀྱིས་མེས་རྒྱལ་ལ་བསྟོད་གླུ་ཕུལ་བ་དང་མེས་རྒྱལ་ལ་སྨོན་འདུན་ཞུས་པ་རེད།
རྒྱལ་སྟོན་གྱི་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཁག40ལྷག་ཙམ་ཇུས་འགོད་ཞིབ་ཚགས་བྱས་ཤིང་། དུས་ཆེན་གྱི་རྣམ་པ་ཟབ་མོ་བཏོད་དེ་བྱེད་སྒོ་སྣ་ཚོགས་ཟླ10ཚེས8ཉིན་བར་སྤེལ་རྒྱུ་ཡིན་པ་རེད། ཆུས་དང་རྫོང་ཁག་གིས་ས་གནས་དེ་གའི་ཁྱད་ཆོས་ལ་གཞི་ཚུགས་ནས“ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་སྨི་བཅུའི་གསར་བརྗེའི་བརྗོད་དོན་གཙོ་བོའི་ཤོག་དྲིལ་རི་མོའི་བྱེད་སྒོ་དང“མཁར་བྱང་ཁྲོམ་སྲང་འཁྲུག་ཆ་དོད·གླུ་སྐད་སྙན་མོ་སང་སང་སང་།”ཞེས་པའི་གསར་བརྗེའི་གླུ་གཞས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ཞིབ་ཚགས་སྤེལ་ནས་མང་ཚོགས་ཀྱི་རྒྱལ་གཅེས་བརྩེ་སེམས་དང་རིག་གནས་ཀྱི་རང་རློམ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།
གུང་གསེང་གི་ཉིན་དང་པོར་མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་དམར་གཙང་ས་ཚིགས·རྨ་ཙོང་དམངས་སྲོལ་རིག་གནས་ཉམས་ལེན་བྱ་ཡུལ་ཐང་ཆེན་དུ་རྒྱལ་དར་དལ་བུར་སྒྲེང་བ་དང་ཆབས་ཅིག ས་གནས་དེ་གའི་མང་ཚོགས་དང་དེ་བཞིན་ཡུལ་སྐོར་བ་སྟོང་ཕྲག་ཁ་ཤས་ཀྱིས་ལག་ཏུ་དར་དམར་ཐོགས་ནས་སྐད་གདངས་ཆེན་པོས་རྒྱལ་གླུ་བླངས་ཤིང་། རྒྱལ་གཅེས་ཀྱི་བརྩེ་སེམས་རང་དབང་མེད་པར་རབ་ཏུ་འཕེལ་ལ། སྐར་ལྔའི་དར་དམར་དར་ཤིང་གི་རྩེ་མོར་སླེབས་དུས་ཉི་འོད་དང་ཐལ་མོའི་རྡེབ་སྒྲས་ཐང་ཆེན་ཡོངས་སུ་ཁེངས།
མཛེས་ལྗོངས་ཁུལ་གྱི་རྡོ་གཅལ་ལམ་དུ་སྐྱོད་སྐབས། ཁྲོམ་གཞུང་རྒྱུད་ཀྱི་དར་དམར་རྣམས་གནའ་ཉམས་དོད་པའི་བཟོ་སྐྲུན་ཁང་གི་ཁྲོད་དུ་དེ་བས་བཀྲག་མདངས་འཚེར་ཞིང་། ཞོག་ཁོག་དང་། འོམ་བུ་བསྲེགས་མ། ཞོག་ཁོག བྱ་ཤ་སྲེག་མ། སྒྱོགས་འཐབ། ཉ་ལེབ་སྐམ་པོ་སོགས་མཚོ་སྔོན་གྱི་ཁྱད་ལྡན་སིལ་ཟས་གང་སར་ཁྱབ་པ་དང་། ཁྲོམ་གཞུང་དུ་འབོད་སྒྲ་དང་ཚོང་སྐད་ཡང་ཡང་གྲགས་ནས་འཁྲུག་ཆ་ཤིན་ཏུ་ཆེ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་ཏུ་སྐྱོད་པ་ན། བཀྲ་ཤིས་པའི“ཀྲུང་གོའི་དར་དམར”དེ་ཁྲོམ་གཞུང་ཆེ་ཆུང་གང་སར་བཀྲག་མདངས་འཚེར། ཁུལ་དེས་རྒྱལ་དར་སྒྲེང་བ་དང་། རིག་རྩལ་མཉམ་འཁྲབ་དང་། ཤེས་བྱ་འགྲན་བསྡུར་སོགས་བརྗོད་དོན་མངོན་པར་གསལ་ཞིང་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།
“རྫོང་རིའི་རིག་གནས་ལོ་ངོ་སྟོང་ལ་དར། ཀྲུང་ཧྭ་མེས་རྒྱལ་སྙན་མོ་གླུ་ཡིས་བསྟོད”ཅེས་པའི་གསར་བརྗེ་གླུ་དབྱངས་མཉམ་ལེན་ཆེ་མོའི་འགྲན་བསྡུར་དེ་འབའ་རྫོང་རྫོང་རི་ཐང་ཆེན་དུ་གཉེར་ཞིང་། གད་པ་སུམ་མདོ་གྲོང་རྡལ་དང་། ཐང་མགོ་གྲོང་རྡལ། ཧོ་པེ་ཤང་སོགས་ཀྱི་འཐུས་མི་རུ་ཁག12ཀྱི་ལས་བྱེད་ལས་བཟོ600ལྷག་ཙམ་གྱིས་གསར་བརྗེའི་གླུ་གཞས་རྩེ་གྲ་བླངས་བས། དེ་གར་ཡོད་པའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པ་དང་། ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་ཏེ་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་པ་རེད།
མཛེས་སྡུག་ལྡན་པའི་མཚོ་སྔོན་དུ། “སྙན་ངག་དང་རྒྱང་རིང་གི”ངེས་པ་འཚོལ།
བཙན་མོ་དམར་ཡག་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་མཛེས་ལྗོངས་མྱོང་རོལ་བྱ་ཡུལ་ཡག་ཤོས་ཤིག་རེད། གུང་གསེང་གི་ཉིན་དང་པོར་མཛེས་ལྗོངས་ཁུལ་དེའི་སྒོ་ཁར་གྲལ་སྟར་རིང་པོ་ཞིག་བསྒྲིགས་ཡོད་པ་རེད།
རི་ལམ་དུ་ཡར་འཛེག་སྟེ་བསྐྱོད་སྐབས། ཅང་སུའུ་ནས་ཡིན་པའི་ཡུལ་སྐོར་བ་སྐུ་ཞབས་ཧན་ལགས་མདོ་ལའི་མཛེས་སྡུག་ལ་མཐོང་བར་ཧང་སངས་ནས་འདི་སྐད། “ཟང་ཟིང་གི་གྲོང་ཁྱེར་དུ་ཡུན་རིང་བསྡད་པས། ད་ནི་ལྷིང་འཇགས་ཀྱི་ས་ཆ་ཞིག་བཙལ་ནས་ངལ་དུབ་ཀྱི་སེམས་པ་གསོ་ས་ཡུལ་སྐྱིད་པོ་འདི་འདྲ་ཞིག་རྙེད་སོང་། མདོ་ལར་ཡོང་རྗེས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་སྔོ་ཞིང་དྭངས་བའི་ནམ་མཁའ་མིག་གཡེང་ཞིག་བྱས་ན། ཡུལ་འདིའི་ཟ་ཟུར་ཀུན་གྱིས་ཀྱི་མི་རྣམས་ལ་སྤྲོ་སྣང་མི་འདྲ་བ་རེ་སྦྱིན་ཡོང་། མདོ་ལ་ནི་ངས་འཚོལ་འདོད་པའི་ས་ཆ་རང་རེད”ཅེས་བཤད།
མདོ་ལའི་མཛེས་ལྗོངས་ཁུལ་དང་འདྲ་བར་དགའ་བསུ་ཐོབ་སའི་ས་གནས་གཞན་ནི་དེ་གའི་ཁྱད་ལྡན་ཞིང་པའི་མགྲོན་ཁང་དང་། ཞིང་པའི་ཁྱིམ་སྡོད། ཞིང་པའི་སྤྲོ་སྐྱིད་ཁང་རེད། A5རིམ་པའི་བཙན་མོ་དམར་ཡག་མཛེས་ལྗོངས་ཁུལ་གྱི་འདབས་སུ་ཆགས་པའི་ལྷ་གདོང་གྲོང་ཚོར་སྐྱོད་པ་ན། པེ་ཅིང་དང་། ཧྲང་ཧའེ། ཧྲན་ཏུང་། སི་ཁྲོན་སོགས་ནས་ཡོང་བའི་ཡུལ་སྐོར་བ་རྣམས་གཅེན་པོ་རྩྭ་ཞྭ་ཅན་གྱི་རི་གྲོང་དང་ལུང་ཧྲུའུ་རྒན་པོ་ཚང་སོགས་ཁྱད་ཆོས་ལྡན་པའི་ཞིང་ཁྱིམ་མགྲོན་ཤག་དང་། དམངས་སྲོལ་མགྲོན་ཤག་ཏུ་བསྡད་འདུག།
ད་ལོར་མདོ་ལ་རྫོང་གིས“ཡུལ་སྐོར་བ་མདོ་ལར་འགུགས”ཞེས་པའི་སྒོར་ཁྲི་བརྒྱའི་བྱ་དགའི་སྲིད་ཇུས་བཏོན་ཏེ། མཚོ་སྔོན་དང་། ཀན་སུའུ། ནང་སོག་བཅས་ཀྱི་ཡུལ་སྐོར་ལས་དོན་ཁང་བརྒྱ“ལྷ་ཡུལ་མདོ་ལར”བསྐྱོད་ནས་ཉམས་ཞིབ་ངོ་སྤྲོད་བྱེད་སྒོ་སྤེལ་བ་དང་། སྐར་མ་རིམ་པའི་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་ས་ཚིགས་སུ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་པའམ་ཡང་ན་ཁ་གསབ་སྤྲོད་པ་སོགས་ཀྱི་སྲིད་ཇུས་ཁྱབ་གདལ་བཏང་སྟེ་མི་སེར་ལ་ཁྱིམ་ཚང་གི་སྡོད་ཁང་འཛུགས་པར་ལྕག་སྐུལ་དང་ཁྲིད་སྟོན་བྱས་པ་མ་ཟད། གཉེར་སྐྱོང་བྱེད་པོར་གསོ་སྦྱོང་དང་། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར། བཟའ་བཅའི་འཕྲོད་བསྟེན་གྱི་བདེ་འཇགས་ལ་རྒྱུན་གཏན་ཞིབ་བཤེར་སོགས་ཀྱི་བྱ་སྤྱོད་སྤེལ་ནས་ཡུལ་སྐོར་བ་ཚོའི་སེམས་པ་སྤྲོ་པོ་ཡོང་བ་དང་། སྡོད་ས་སྐྱིད་པོ་ཡིན་པ། བཟའ་འཐུང་ཞིམ་ལ་བདེ་བ་བྱས།
ད་ཆ་དམངས་སྲོལ་མགྲོན་ཤག་དང་ཁྱིམ་ཚང་མགྲོན་ཤག་དེ་དག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་པའི“ཁང་པ་ཡག་ཤོས”ཤིག་ཏུ་གྱུར་པ་དང་། པཱ་པའོ་གྲོང་རྡལ་དུ་རང་བྱུང་ཉམས་ལེན་དང་། ཁམས་གསོ་སྤྲོ་གསེང་། ཡུལ་སྐོར་ཞབས་ཞུ་སོགས་གཞི་གཅིག་ཏུ་འདུས་པའི་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ཡོད་པ་རེད།
ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་དུ་སྐྱོད་པ་ན། རྒྱ་མཚོའི་ནང་སྐྱོད་པ་ལྟར་དུ་ཉེ་འགྲམ་དུ་མཚེའུ་དྭངས་ཤིང་གཙང་བའི་ཁར་ད་དུང་མཚེའུ་སྟར་ལ་བརྒྱུས་པའི་སྣང་བ་ཞིག་འདུག དེ་དག་གི་ཁྲོད་དུ་བསིལ་རླུང་དལ་བུར་ལྡང་བ་དང་། འོད་ལམ་ལམ་དུ་འཕྲོ་བས་ཡུལ་ལྗོངས་ལྟ་ན་སྡུག གུང་གསེང་རིང་འགྲུལ་པ་མང་ཤོས་ལ་སྣེ་ལེན་ཞུ་བའི་ཞབས་ཞུ་ཡག་པོ་བསྒྲུབ་ཆེད། མཛེས་ལྗོངས་ཁུལ་གྱིས་ལས་དོན་པ600ལྷག་ཙམ་བཀོད་སྒྲིག་བྱས་ནས་གཉེར་སྐྱོང་བདེ་བླག་ཡོང་བར་བྱས་པ་མ་ཟད། ད་དུང་ལྕགས་ལམ་ཐོག་མེ་འཁོར་ཆུང་གྲས18དང་། ལྟ་སྐོར་རླངས་འཁོར11། སྤྲོ་གསེང་མྱུར་སྐྱེལ་གྲུ་གཟིངས11བཏང་སྟེ། དུས་ཐོག་ཏུ་ཡུལ་སྐོར་བ་ཕར་སྐྱེལ་ཚུར་ལེན་བྱས་ནས་ཚྭ་མཚེའུ་ཡི་མཛེས་ལྗོངས་ཉམས་སུ་མྱོང་ཐུབ་པ་བྱས།
ཟམ་ཤིང་བརྒྱུད་དེ་ཚྭ་མཚེའུ་ཡི་ཕྱོགས་སུ་བསྐྱོད་པ་དང་ལུས་ལ་གཟབ་མཆོར་སྤྲས་ཏེ་རྒྱལ་སྟོན་དགའ་གཏོང་བྱེད་པ་དང་། ང་དང་མེས་རྒྱལ་གྱི་གདོང་གཤིས་སྦྱོར་བ། མཚར་སྡུག་རྣམ་པར་བཀྲ་བའི་ཚོན་ཁྲ་ཅན་གྱི་ཤོག་སྦག་ཚོན་ཁྲ་ཅན་འགེལ་བ། ང་དང་གནམ་བདེ་སྒོ་མོ་ཆེའི་རྒྱལ་དར་དང་མཉམ་དུ་དྲན་རྟེན་འདྲ་པར་རྒྱག་པ། མེས་རྒྱལ་ལ་སྨོན་འདུན་ཞུ་བ། རྒྱལ་དར་རི་མོ་མཉམ་དུ་འབྲི་བ་སོགས་ཀྱི་བྱེད་སྒོའི་གཱ་སྤྲོད་གནས་ཀྱིས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུགས།
དམངས་ཕན་ཞབས་ཞུ་བཏོན་ནས་མཚོ་སྔོན་གྱི“སྐྱེས་དངུལ”སྤྲོད།
སྟོན་དུས་ཀྱི་མཚོ་སྔོན་ནི་ཚོན་མདོག་རྣམ་པར་བཀྲ་བའི་དུས་ཤིག་ཡིན་པ་དང་། ཡུལ་སྐོར་བ་མི་ཉུང་བ་ཞིག་མཚོ་སྔོན་དུ་ཡོང་ནས་སེམས་ནང་གི“རྒྱང་རིང་དང་སྙན་ངག”གི་ངེས་པ་འཚོལ་བར་ཡོང་གི་ཡོད་པ་རེད།
ཟླ10ཚེས1ཉིན་གྱི་སྔ་དྲོ། ཟི་ལིང་མེ་འཁོར་བབས་ཚུགས་མདུན་གྱི་ཐང་ཆེན་དུ“དམངས་ཕན་གསེར་གྱི་སྟོན་འབྲས། ལོངས་སྤྱོད་ཆུ་བཞིན་རྒྱུན་མི་ཆད”ཅེས་པའི་རིག་གནས་ཡུལ་སྐོར་དང་རིམ་སྤེལ་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་། ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་གྱིས་མི་རྣམས་ཀྱི་ཡིད་དབང་བཀུག་ཡོད། བྱེད་སྒོ་སྤེལ་ཡུལ་གྱི་གཟིགས་སྐྱོང་སྤ་སེ་སྤྲོད་ཡུལ་དུ་ཨར་ཁང་གི་ཆེད་སྤྱོད་དངུལ་དོད་སྤ་སེའི་སྒོར50རེ་དང་། ཡུལ་སྐོར་ལས་དོན་ཁང་གི་ཆེད་སྤྱོད་དངུལ་དོད་སྤ་སེའི་སྒོར200རེ་སྤྲད་པ་དང། རིག་གནས་ཡུལ་སྐོར་གྱི་ཆེད་དོན་བྱེད་སྒོ་སྤེལ་ཡུལ་དུ་དངུལ་གྱི་ཁ་གྲངས100ཟིན་ན་འཛད་སྤྱོད་སྤ་སེ་རིན་པ50ཉུང་དུ་གཏོང་བའི་གཟིགས་སྐྱོང་སྤ་སེ་སོགས་བཀོད་སྒྲིག་བྱས་ནས་ཉིང་ཞ་ནས་ཡོང་བའི་ཡུལ་སྐོར་བར“སྐྱེས་ཆེན་པོ”ཞིག་སྤྲད་ཡོད་པ་རེད།
ཧུའུ་པེ་ནས་ཟི་ལིང་དུ་ཡུལ་སྐོར་ལ་ཡོང་མཁན་ཡུལ་སྐོར་བ་ཀྲང་ཝུན་གྱིས་མཐེ་བོང་སྒྲེང་སྟེ་ན་རེ། “མེ་འཁོར་བབས་ཚུགས་ནས་ཐོན་མ་ཐག་མཚོ་སྔོན་གྱི་སེམས་པ་འཁོལ་བོ་དེ་ཚོར་བྱུང་། འདིར་ངོ་མཚར་ཆེ་བའི་ལྟད་མོ་ཡོད་པ་མ་ཟད། ད་དུང་ཨར་ཁང་དང་རིག་གནས་ཡུལ་སྐོར་ཐད་ཀྱི་གཟིགས་སྐྱོང་སྤ་སེ་ཡོད་པས། དངོས་གནས་ཡག་པོ་འདུག གང་སར་མཚོ་སྔོན་གྱི་ཁྱད་ལྡན་ཞིམ་ཟས་ཞོ་དང་། བཞོས་མ་སོགས་ཡོད་པས་ཧ་ཅང་ཡག་པོ་འདུག”ཅེས་བཤད།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་གྱི་ནམ་མཁའི་མེ་ལོང་མཛེས་ལྗོངས་ཁུལ་དང་། མཚོ་ནུབ་ཁུལ་མཁོ་ཚོང་མཉམ་ལས་ཁང་གིས་མཛེས་ལྗོངས་ཁུལ་དུ“གསེར་ལྡན་སྟོན་ལ་ཞིང་པར་རོགས་རམ་བྱེད”ཅེས་པའི་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་འགྲེམས་ཚོང་བྱེད་སྒོ་སྤེལ་ཞིང་། ཁུལ་དེ་ཡོངས་ཀྱི་མཁོ་ཚོང་ཁོངས་གཏོགས་ཁེ་ལས15དང་དེ་བཞིན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་འཕང་འབྲས་དང་། ཚགས་ཤ ལུག་ཤ། ལི་གྲོ འབྲི་འོ་ཐོན་ཟོག་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་སྣ་ཁ20ལྷག་ཙམ་གདམ་གསེས་བྱས་ནས་ཡུལ་སྐོར་བར་ས་གནས་ས་ཐོག་ཏུ་བྲོ་བ་མྱོང་དུ་འཇུག་གི་ཡོད་པ་རེད།
ཡུལ་སྐོར་བ་མང་པོ་ཞིག་གིས་ཚགས་ཤ་སྐམ་པོ་དང་། འཕང་འབྲས་ཁུ་བ། འོ་མ་སོགས་ཁྱད་ལྡན་ཐོན་རྫས་ཀྱི་བྲོ་བ་མྱངས་རྗེས་གཅིག་རྗེས་གཉིས་མཐུད་ངང་ཉོས་བྱུང་། “ཆེད་མངགས་ཁྱད་ལྡན་ཐོན་རྫས་ཉོ་རུ་འགྲོ་བའི་དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད། བློ་བདེའི་རང་བྱུང་ལྗང་མདོག་གི་སྐྱེ་ལྡན་ཐོན་རྫས་ཀྱང་ཉོ་ཐུབ་པས་ཧ་ཅང་ཡག་པོ་འདུག”ཅེས་ཡུལ་སྐོར་བ་ཞིག་གིས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་བཞིན་དུ་བཤད།
མཚོ་ནུབ་ཁུལ་མཁོ་ཚོང་མཉམ་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་ཆེ་ཀེས་འདི་སྐད“དེ་རིང་ང་ཚོས་འདི་གར་འཛད་སྤྱོད་རོགས་སྐྱོར་དང་བྲིན་སྐུལ་བྱེད་སྒོ་སྤེལ་དོན་ནི་མཛེས་ལྗོངས་ཁུལ་གྱི་མི་རྒྱུན་གྱི་ལེགས་ཆར་བརྟེན་ནས་མི་སྔར་ལས་མང་བས་ང་ཚོ་ཚྭ་འདམ་གཤོངས་སའི་ཁྱད་ལྡན་སྐྱེ་ལྡན་ཐོན་རྫས་ལ་ཤེས་རྟོགས་དང་། མཚོ་ནུབ་ཀྱི་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་ཆེད་ཡིན”ཞེས་བཤད།