ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་རྩོམ་རིགས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་ཐུང་གྲས་འགྲེམ་སྟོན་སྐབས་བཞི་པ་དེ་མཚོ་སྔོན་མི་རིགས་སློབ་ཆེན་ནས་མགོ་བརྩམས།
མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་ཐུང་གྲས་འགྲེམ་སྟོན་སྐབས་བཞི་པ་ད་ལོའི་ཟླ6པར་མགོ་བརྩམས་པ་ནས་བཟུང་སྤྱི་ཚོགས་ལས་ཁག་ཁག་གི་མི་མང་པོ་ཟབ་ཞུགས་བྱས་པ་དང་བསྡོམས་པས་བརྩམས་ཆོས161འབྱོར་བ་དང་། དེ་དག་ཁོངས་སུ་མི་ཆོས་དངོས་བྲིས་དང་གཟུགས་འདས་ཤུལ་བཞག་རྒྱུན་འཛིན། སློབ་རའི་འཚོ་བ། ཁྲིམས་སྐྱོང་དྲིལ་སྒྲོག གྲོང་གསེབ་དར་སྤེལ་སོགས་ཀྱི་ཁྱབ་ཁོངས་མང་པོ་འདུས། གློག་བརྙན་ཐུང་གྲས་འགྲེམ་སྟོན་སྐབས་སུ་དྲ་ཐོག་དང་དྲ་ཕྱི་གཉིས་ནས་འགྲེམ་སྟོན་བྱེད་པ་དང་ཆེད་མཁས་པ་སློབ་ཁྲིད་བྱེད་པ། བྱ་དགའི་གཟེངས་རྟགས་གནང་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཡོད།
མགོ་རྩོམ་འཛད་སྒོའི་ཡུལ་དངོས་སུ་ཚོགས་ཞུགས་པ་རྣམས་ཀྱིས《སྤྱི་ལེ་ལྔ་བདུན》ཞེས་པའི་གློག་བརྙན་ཐུང་གྲས་ལ་མཉམ་དུ་བལྟས། གློག་བརྙན་དེའི་ནང་དུ་མི་རབས་གཉིས་ཀྱིས་བརྩེ་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མ་འོངས་འབྱུང་འགྱུར་ལམ་དུ་ཡང་བསྐྱར་ཞུགས་པའི་གནས་ཚུལ་གཙོ་ཐིག་ཏུ་བཟུང་སྟེ། ལོ་ངོ་ལྔ་བཅུའི་སྔོན་གྱི་རྒྱུ་དངོས་དཀོན་པའི་ལོ་རབས་ནང་གུང་ཧྲེའི་ཧྲུའུ་ཅི་ཐའོ་ཀྲིན་ཧྭས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་ངང་ལོ་ངོ་ལྔ་ཡི་དུས་ཚོད་བེད་སྤྱད་ཅིང་། ལག་ཟུང་གཉིས་དང་སྟབས་བདེའི་ལག་ཆར་ཁོ་ན་བརྟེན་ནས་ཕྱི་རོལ་དུ་འགྲོ་བའི་གཞུང་ལམ་ཞིག་བསྐྲུན། “གངས་ལྗོངས་ཡུས་གུང”གི་སྙིང་སྟོབས་ལ་བརྟེན་ནས་གཞུང་ལམ་སྐྲུན་པའི་ཕུགས་འདུན་ལེགས་འགྲུབ་བྱུང་བའི་གཏམ་རྒྱུད་བརྗོད་ཡོད། གློག་བརྙན་དེར་བལྟས་ཚར་རྗེས་གསར་སྐྲུན་གཙོ་བོའི་རུ་ཁག་གི་འཐུས་ཚབ་པས་གློག་བརྙན་གསར་སྐྲུན་གྱི་ཚོར་ཤེས་དང་བརྙན་ཕབ་བརྒྱུད་རིམ་ཁྲོད་ཀྱི་འགྲན་སློང་། བརྗོད་དོན་གསལ་འགྲེལ་བཅས་ཀྱི་སྐོར་ནས་ཡུལ་དངོས་ཀྱི་ལྟད་མོ་བ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།
མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་ཐུང་གྲས་འགྲེམ་སྟོན་སྐབས་བཞི་པས་བརྩམས་ཆོས་སྔོག་འདོན་དང་སྟེགས་བུ་སྐྲུན་པ། འཇོན་མི་གསོ་སྐྱོང་བཅས་ཀྱི་ཐོག་མའི་སེམས་འདུན་རྒྱུན་འཁྱོངས་བྱས་ཤིང་། གློག་བརྙན་འགྲེམ་སྟོན་གྱི་ནུས་པ་དང་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་བསམ་བློ་བརྗེ་རེས་དང་ཟུར་ལྟ། སློབ་སྦྱོང་བྱེད་ཚད་ཇེ་ཆེར་བཏང་སྟེ་ལྟད་མོ་བ་མང་པོར་གསར་སྐྲུན་པའི་གསར་སྐྲུན་སྤྲོ་སེམས་ཉམས་སུ་མྱོང་དུ་བཅུག་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཐུན་སྒྲིལ་གྱིས་གློག་བརྙན་གསར་སྐྲུན་ལས་རིགས་པ་དང་རྩོམ་རིགས་སྒྱུ་རྩལ་གསར་བའི་མི་རྣམས་ཀྱི་སྣེ་ཁྲིད་དེ་བརྩེ་བ་དྲོད་མོས་བསྟོད་གླུ་ལེན་པ་དང་། མཚོ་སྔོན་གྱི་སྔར་ལས་མང་པའི་ཕུལ་བྱུང་གློག་བརྙན་བརྩམས་ཆོས་དག་སྔར་ལས་ཆེ་བའི་སྟེགས་བུའི་སྟེང་འགྲེམ་སྟོན་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད། །