ཟླ9པའི་ཚེས23ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་སོགས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་གཞི་སྟེ་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་གྱི་ཞིབ་འཇུག་ཚོད་ལྟར་ཞུགས་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད།
ཟླ9པའི་ཚེས23ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་གཞི་སྟེ་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟར་ཞུགས་མཁན་གྱི་མི་སྣའི་འཐུས་མིར་མཇལ་འཕྲད་གནང་སྐབས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་གཞིའི་གྲུབ་འབྲས་ནང་རང་རྒྱལ་གྱི་མཁའ་སྐྱོད་པ་རབས་དུ་མའི་བློ་གྲོས་དང་སྙིང་སྟོབས་འདུས་ཡོད་ཅིང་། དེས་ཟུར་ངོས་གཞན་ཞིག་ནས་ང་ཚོར་ལོ་འདི་དག་གི་རིང་ལ་ཚན་རྩལ་རང་སྟོབས་རང་སྤེལ་ཐད་བླངས་པའི་གྲུབ་འབྲས་མངོན་གསལ་ཅན་བསྟན་ཡོད་ལ། ཀྲུང་གོ་པའི་བློ་སྟོབས་དང་ལ་རྒྱ། གདིང་ཤུགས་བཅས་གང་ལེགས་སྒོས་མངོན་ཡོད། སྤྱི་ཚོགས་ཡོངས་སུ་ཕུགས་འདུན་དོན་གཉེར་བྱེད་ཕོད་པ་དང་འཚོལ་ཞིབ་བྱེད་ཕོད་པ། མཉམ་ལས་མཁྲེགས་གཏོར་བྱེད་པ། མཉམ་ལས་གཉིས་ཕན་ཡིན་པ་བཅས་ཀྱི་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་རང་མི་རིགས་ཀྱི་རང་རྟོན་དང་སྤོབས་སེམས་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་བྱེད་སྒོར་ཞུགས།
སྔ་དྲོའི་ཆུ་ཚོད་བཅུའི་སྟེང་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས། ཞི་ཅིན་ཕིང་སོགས་ཀྱིས་ཚང་མར་བྱམས་བརྩེའི་ངང་ཕྱག་འཇུ་གནང་ནས་དྲན་རྟེན་སྐུ་པར་བསྐྱོན།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ད་ལོའི་ཟླ6པའི་ཚེས25ཉིན་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ལེགས་གྲུབ་བྱུང་རྗེས་ཕྱིར་ལོག་པར་ངས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ་ཡིན། དེ་རིང་ང་དང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གཞན་དག་ཁྱོད་ཚོར་ལྟ་རུ་ཡོང་བ་ཡིན། ངེད་ཅག་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་ཁྱོད་ཚོར་སླར་ཡང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲིའང་ཞུས་པ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཟླ་བའི་ལྷ་མོ་ཨང་དྲུག་པས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཟླ་བའི་གོ་ལའི་རྒྱབ་ངོས་སུ་མ་དཔེ་ཐོག་མ་ལེན་པའི་ལས་དོན་ཡོངས་འགྲུབ་བྱས་ནས། འགག་རྩའི་ལག་རྩལ་མང་པོ་ཞིག་ལས་ཐོད་བརྒལ་བྱུང་ཡོད་ཅིང་། དེ་ནི་རང་རྒྱལ་གྱིས་མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ་ལས་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཞིག་ཡིན་ལ། རང་རྒྱལ་གྱི་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་མགཞིའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་ཡིན། ལོ་ངོ20རིང་ལ། ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་གཞིས་འགག་རྩ་དང་ལྟེ་བར་གྱུར་བའི་ལག་རྩལ་ཁྱབ་ཁོངས་སུ་རྒྱུན་མཐུད་མཁྲེགས་གཏོར་བྱ་རྒྱུར་དམ་པོར་དམིགས་ཏེ། ཚན་རིག་ཤེས་རྟོགས་དང་ལག་རྩལ་གསར་གཏོད། བཟོ་སྐྲུན་ལག་ལེན། གྲུབ་འབྲས་ཚུལ་སྒྱུར། རྒྱལ་སྤྱིའི་མཉམ་ལས་སོགས་ཐད་གྲུབ་འབྲས་ཆེན་པོ་བླངས་ནས། སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་སྒོ་ནས་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་བགྲོད་ལམ་སྟེང་བསྐྱོད་དེ། རང་རྒྱལ་གྱི་མཁའ་སྐྱོད་བྱ་གཞག་འཕེལ་རྒྱས་དང་མིའི་རིགས་ཀྱིས་འཇིག་རྟེན་ཁམས་ལ་འཚོལ་ཞིབ་བྱ་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་མཐའ་ཡས་པའི་འཇིག་རྟེན་འཚོལ་ཞིབ་དང་མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུ་ནི། ང་ཚོས་དོན་གཉེར་ལྷོད་མེད་བྱེད་དགོས་པའི་མཁའ་སྐྱོད་ཀྱི་ཕུགས་འདུན་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75འཁོར་བའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། རང་རྒྱལ་གྱི་མཁའ་སྐྱོད་པ་མི་རབས་དུ་མས་རང་སྟོབས་རང་སྤེལ་དང་རང་བརྟེན་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཁའ་སྐྱོད་བྱ་གཞག་འདི་ཉིད་མེད་པ་ནས་ཡོད་པ་དང་ཉམས་ཞན་ནས་སྟོབས་ཆེན། “ཐོག་མའི་འཆར་གཞི་འགོད་པ”ནས“ད་ལྟའི་འབད་འཐབ་བྱས་ཏེ་ཕུགས་འདུན་མངོན་འགྱུར་བྱེད་ཀྱིན་པར་བརྩོན་པ”བཅས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ལོ་རྒྱུས་རང་བཞིན་དང་སྤུས་ཚད་མཐོ་བ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱས་ནས། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཕྱིའི་བར་སྣང་ཁམས་ནི་མིའི་རིགས་ཀྱི་ཐུན་མོང་གི་ཁྱབ་ཁོངས་ཡིན་པ་དང་། བར་སྣང་འཚོལ་ཞིབ་ནི་མིའི་རིགས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན། ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་གཞིས་སྔ་ཕྱི་བར་གསུམ་དུ་འདྲ་མཉམ་གཉིས་ཕན་དང་ཞི་བདེའི་བེད་སྤྱོད། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དང་། “ཟླ་བའི་ལྷ་མོ”ནི་ཀྲུང་གོའི་ཡིན་པར་མ་ཟད་མིའི་རིགས་ཡོངས་ལ་དབང་བ་ཞིག་ཀྱང་ཡིན་པས། དེས་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་མཁོ་འདོན་བྱས་ཡོད་ཅིང་། འཛམ་གླིང་ཧྲིལ་པོའི་མཁའ་དབྱིངས་འཚོལ་ཞིབ་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ང་ཚོས་མུ་མཐུད་དུ་བློ་རྒྱ་ཡངས་པོར་བསྐྱེད་དེ། མཁའ་སྐྱོད་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་རྣམ་པ་སྣ་ཚོགས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། རྒྱལ་ཁབ་སོ་སོའི་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ། ཕྱིའི་བར་སྣང་ཁམས་ཀྱི་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། མཁའ་སྐྱོད་ཀྱི་ཚན་རྩལ་གྲུབ་འབྲས་ཀྱིས་མིའི་རིགས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་བར་སྣང་ཁམས་འཚོལ་ཞིབ་བྱེད་པར་ནམ་ཡང་རྫོགས་མཐའ་མེད། མཁའ་སྐྱོད་འཐབ་ཕྱོགས་ཀྱི་བློ་མཐུན་ཚོས་ཡང་འབད་བསྐྱར་འབད་དང་དུས་བསྟུན་མདུན་སྐྱོད་སྒོས་ཟླ་བའི་གོ་ལའི་མ་དཔེ་ལ་ཚན་རིག་ཞིབ་འཇུག་ཞིབ་ཚགས་བྱེད་རྒྱུ་དང་བར་སྣང་འཚོལ་ཞིབ་ཚད་ལེན་སོགས་མཁའ་སྐྱོད་ཀྱི་བཟོ་སྐྲུན་གལ་ཆེན་མུ་མཐུད་ལག་བསྟར་ཡག་པོ་བྱེད་པ། བར་སྣང་ཚན་རིག་དང་བར་སྣང་ལག་རྩལ། བར་སྣང་བཀོལ་སྤྱོད་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།
དེའི་རྗེས་སུ་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མར་རུ་ཕེབས་ནས། ཟླ་བའི་གོ་ལའི་མ་དཔེ་དང“ཟླ་བའི་གོར་ལར་བརྟག་དཔྱད་བྱས་པའི་ལས་གཞིའི་ལོ་ངོ་ཉི་ཤུའི”གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།
ལིས་ཀན་ཅེ་དང་ལིས་ཧྲུའུ་ལའེ། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཝུའུ་ཀྲིན་ལུང་བཅས་གོང་གསལ་གྱི་བྱེད་སྒོར་ཞུགས།
ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་གཞི་ལག་བསྟར་བྱེད་པ་དེ་ནི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་དང་ཚན་རྩལ་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་མོར་སྟངས་འཛིན་བྱས་ནས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། རང་རྒྱལ་གྱི་མཁའ་སྐྱོད་ལོ་རྒྱུས་སྟེང་ད་ལྟའི་བར་དུ་ལག་རྩལ་ཆུ་ཚད་མཐོ་ཤོས་ཡིན་པའི་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་འགན་ཏེ་ཟླ་བའི་ལྷ་མོ་ཨང་དྲུག་པས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཟླ་བའི་གོ་ལའི་རྒྱབ་ངོས་སུ་མ་དཔེ་བླངས་ཏེ་ཕྱིར་ལོག་ཐེངས་དང་པོ་བྱས་ཏེ། མ་འོངས་པར་རང་རྒྱལ་གྱིས་ཟླ་བའི་གོ་ལར་འཚོལ་ཞིབ་དང་རྒྱུ་སྐར་འཚོལ་ཞིབ་ཚད་ལེན་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད།