རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་ཉེར་གཉིས་པ་མཇུག་བསྒྲིལ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་ཚོགས་འདུ་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། འབར་ཁམས་གྲོང་ཁྱེར་ཏང་ཨུ། འབར་ཁམས་གྲོང་ཁྱེར་མི་དམངས་སྲིད་གཞུང་། རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་འབར་ཁམས་གྲོང་ཁྱེར་ནས་མཇུག་བསྒྲིལ།

ཚོགས་འདུའི་སྐབས་སུ། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་ཚོགས་འདུའི་གསར་འགྱུར་བརྩམས་ཆོས་ཞིབ་དཔྱད་དང་བརྡ་ཆད་གསར་བ་ཞིབ་བཤེར་གཏན་འབེབ་བྱས་པར་མ་ཟད། རྔ་བར་མཇལ་འཛོམས་དང་རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བའི་གསར་འགོད་པའི་བཅར་འདྲིའི་བྱ་འགུལ་སྤེལ་ཏེ། རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱི་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་གནས་ཚུལ་དང་བོད་ཡིག་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་གནས་ཚུལ། རྒྱལ་སྤྱིའི་བརྒྱུད་སྒྲོག་མ་ལག་འཛུགས་སྐྲུན་གནས་ཚུལ། “གནས་མཆོག་རྔ་བའི་སྤྱོད་སྣེ”འཛུགས་སྐྲུན་དང“རྒྱལ་སྟོབས་སློབ་སྦྱོང”རྔ་བའི་སློབ་སྦྱོང་སྟེགས་བུ་འཁོར་སྐྱོད་ཀྱི་གནས་ཚུལ་ལ་བཅས་ལ་རྟོག་ཞིབ་སྤེལ་རེས་བྱས།

ཐེངས་འདིའི་ཚོགས་འདུའི་སྟེང་། བོད་སྐད་ཡིག་གི་སྨྱན་སྦྱོར་ལས་ཁུངས་ཁག་ནས་འབྱོར་བའི་སྐབས་དོན་གསར་འགྱུར་དང་ཆ་འཕྲིན་ལག་རྩལ། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོགས་ནས་ཐོན་པའི་བོད་སྐད་ཡིག་གི་ཐ་སྙད་གསར་བ་དང་ཚིག་རྐང100འབྱོར་བ་དང་། ཆེད་མཁས་ཞིབ་དཔྱད་ཚན་ཆུང་གིས་ནན་ཏན་གྱིས་ཐ་སྙད་གསར་བ་དང་ཐ་སྙད་གཅིག་གྱུར་ཚད་ལྡན་གྱི་ཞིབ་དཔྱད་གཏན་འབེབས་ལས་དོན་སྤེལ་བར་མ་ཟད། དེ་སྔར་ཞིབ་བཤེར་གཏན་འབེབས་བྱས་པའི་ཐ་སྙད་ཚད་ལྡན་མིན་པ་དང་བསམ་འཆར་མི་འདྲ་བ་ཁག་ཅིག་ལ་དམིགས་ནས་གྲོས་བསྡུར་ཟབ་མོ་བྱས་ཏེ། བརྡ་ཆད་གསར་བ50ཞིབ་བཤེར་གཏན་འབེབས་བྱས་པ་དང་། གཅིག་གྱུར་གྱིས་བཀོལ་སྤྱོད་བྱེད་པའི་རེ་བ་བཏོན།   

ཚོགས་འདུར་ད་དུང་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་གསར་འགྱུར་བརྩམས་ཆོས474དཔྱད་འདེམས་བྱས་པ་དང་ཚགས་པར་དང་དུས་དེབ་རིགས་ཀྱི་ཕུལ་བྱུང་བརྩམས་ཆོས126། རླུང་འཕྲིན་བརྙན་འཕྲིན་རིགས་ཀྱི་ཕུལ་བྱུང་བརྩམས་ཆོས75། དྲ་བ་དང་སྨྱན་སྦྱོར་གསར་བའི་རིགས་ཀྱི་ཕུལ་བྱུང་བརྩམས་ཆོས110། གཏམ་བརྗོད་དཔྱད་རྩོམ་རིགས་ཀྱི་ཕུལ་བྱུང་བརྩམས་ཆོས30བཅས་བདམས་ཐོན་བྱུང་ཡོད།

མཇུག་བསྒྲིལ་བའི་ཚོགས་འདུའི་སྟེང་། ཐེངས་འདིའི་ཚོགས་འདུའི་གཙོ་སྒྲུབ་ལས་ཁུངས་ཏེ་རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱིས་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པའི་གཙོ་སྒྲུབ་ལས་ཁུངས་ཏེ་ཁམས་པའི་བརྙན་འཕྲིན་ཁང་ལ་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་ཚོགས་ཀྱི་ཚོགས་འདུའི་ཐམ་ཀ་སྤྲད། ། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།