མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རང་ཞིང་ལ་མཚོན་ན་ད་ལོའི་ཆར་ཆུ་རྒྱས་པའི་དུས་སྐབས་ལས་ཆར་ཆུ་ཆེས་མང་པའི་དུས་ཚིགས་རེད། ཟླ9པའི་ཚེས3ཉིན་གྱི་དགོང་མོར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲིན་ཀང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཞིང་ཆེན་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་སུ་བསྐྱོད་དེ། ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་བྱ་བར་བཀོད་གཏོང་བྱས་པ་མ་ཟད་ད་དུང་ལས་རེས་མི་སྣར་འཚམས་འདྲི་བྱས། འབྲུབ་འགོག་གེགས་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དང“མདའ་མོ་གཞུ་ཐོག་ཏུ་ཡོད་པའི”ཁ་ཚ་དགོས་གཏུག་གི་འདུ་ཤེས་ལ་བརྟེན་ནས། འབྲུབ་འགོག་གེགས་སེལ་ལས་དོན་ཁག་ཡག་པོ་ཏན་ཏིག་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་། རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་བསྟན།
ཞིང་ཆེན་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་ཀྱི་གློག་སྒྲོན་འོད་འཚེར་ཞིང་བྲེལ་འཚུབ་ཆེ་བ་དང་ལས་བྱེད་མི་སྣས་ཆུ་ཚོད24རིང་ལས་རེས་བྱས་ནས་གནམ་གཤིས་དང་། ཆུ་དཔྱད། ས་གཤིས། འགྲིམ་འགྲུལ་སོགས་འགག་རྩའི་ཆ་འཕྲིན་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་སྤྱི་ཁྱབ་ལས་རེས་ཁང་དང་། མཉམ་འབྲེལ་ལས་རེས་ཁང་། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གི་འབྲུབ་འགོག་ལས་དོན་ཆེད་དོན་འཛིན་གྲྭ་བཅས་སུ་ཕེབས་ནས་ལས་རེས་མི་སྣར་འཚམས་འདྲི་ཞུས་པ་མ་ཟད་ད་དུང་ཁོང་ཚོ་བརྒྱུད་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱེད་པའི་ལས་བྱེད་མི་སྣར་འཚམས་འདྲི་ཞུས་པ་དང་། ཚང་མས་ཉིན་ཤས་བསྟུད་མར་དཀའ་སྤྱད་འབད་བརྩོན་བྱས་པའི་ལས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཧུར་བརྩོན་དང་བསྟུད་མར་དམག་འཐབ་བྱས་ཏེ་འབྲུབ་འགོག་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་དམག་འཐབ་དྲག་པོ་དེར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ལྕག་སྐུལ་ཡང་གནང་། དེ་རྗེས་ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་འཕྲལ་སྡོམ་བཀོད་འདོམས་ཚོམས་ཆེན་དུ་བསྐྱོད་དེ་བརྙན་ལམ་བརྒྱུད་ས་ཁུལ་དང་སྡེ་ཚན་སོ་སོའི་འབྲུབ་འགོག་ལས་དོན་བཀོད་གཏོང་བྱས་ཏེ། ཐོན་སྲིད་པའི་གནོད་འཚེའི་ཉེན་ཁར་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་བཅད།
ཚོགས་འདུས་བསྟན་དོན། ཚ་ཁུལ་ཕལ་བའི་མཐོ་གནོན་ཤར་མཐའ་ཕྱིར་འཐེན་གྱི་ཤུགས་རྐྱེན་འོག རང་ཞིང་གི་རེས་སྐོར་འདིའི་ཆར་ཆུ་འབབ་པའི་བརྒྱུད་རིམ་ལ་ཆར་ཆུ་འབབ་ཚད་ཆེ་བ་དང་། ཤུགས་རྐྱེན་ཐེབས་རྒྱ་ཆེ་བ། རྒྱུན་མཐུད་དུས་ཡུན་རིང་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་ཐལ་དྲགས་པའི་རང་བཞིན་དང་གནོད་འཚེའི་རང་བཞིན་ཆེན་པོ་ལྡན་ཡོད། ཆུ་ལོག་ཆེན་པོ་སྔོན་འགོག་དང་། ཉེན་ཁ་ཆེན་པོ་འགོག་སེལ། གནོད་འཚེ་ཆེན་པོ་སྐྱོབ་པ་བཅས་ལ་གཞི་ཚུགས་ཏེ་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མ་མཐའི་མཚམས་ཐིག་གི་བསམ་བློ་སྲ་བརྟན་དུ་གཏོང་བ། འགལ་རྐྱེན་སྣ་ཚོགས་ལ་བསམ་གཞིག་གང་ལེགས་བཅས་བྱས་ཏེ་རྒྱུན་སྲོལ་ལས་བརྒལ་བའི་བྱ་བར་བརྟེན་ནས་རྒྱུན་སྲོལ་ལས་བརྒལ་བའི་ཆར་ཆུ་ལ་ཁ་གཏད་འཇལ་བ། འབྲུབ་འགོག་གནོད་འཚེ་ཇེ་ཆུང་དུ་གཏོང་བའི“བདེ་འཇགས་ཆུ་རགས་”བརྟན་པོ་བསྐྲུན་ནས་གནོད་འཚེའི་གྱོང་གུན་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་བསྟན།
ཚོགས་འདུས་བསྟན་དོན། ས་ཁུལ་དང་སྡེ་ཚན་ཁག་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ་དང་། གཡོ་འགུལ་གྱི་སེམས་ཁམས་དང་སྟབས་ལེགས་ཀྱི་སེམས་ཁམས་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ་ས་གཤིས་གནོད་འཚེའི་ཉེན་ཁ་ཆེ་བའི་མང་ཚོགས་འཕྲལ་ཐག་ཆོད་པོས་གནས་སྤོ་བ། “འབོད་སྐད་”དང“གཉིད་ལས་སློང་བའི”ལམ་སྲོལ་ལག་བསྟར་ནན་པོ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྐོར་ཞིབ་དང་ཉེན་ཁ་སེལ་བར་ཤུགས་སྣོན་དང་མི་སྣ་ཤི་རྨས་བྱུང་ཚད་ཇེ་ཉུང་དུ་གཏོང་དགོས་ཞེས་བསྟན། གཅིག་གྱུར་ཐོག་ཆ་འཕྲིན་སྤེལ་རེས་དང་མཉམ་ལས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་ཤ་གཅོད་པའི་བཀོད་གཏོང་བྱ་དགོས། ས་ཁུལ་གྱི་བྱེད་པོའི་འགན་འཁྲི་ལེགས་པར་བསྒྲུབས་ཏེ། “འགོ་ཁྲིད་པ་དང་པོས”དངོས་སུ་སྒྲུབ་པ་དང་། གཅིག་གྱུར་གྱིས་མཐུན་སྦྱོར་བྱས་ཏེ། ས་སྲུང་ལ་འགན་འཁྲི་ཡོད་པ་དང་། ས་སྲུང་ལ་འགན་འཁྲི་འཁུར་བ། ས་སྲུང་ལ་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས། ཏན་ཏིག་ནན་དུ་བཏང་སྟེ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དམག་དཔུང་ནན་པོ་སྒུག་ནས་མདུན་དུ་བཀོད་འདོམས་དང་། རྒྱ་ཆེའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མདུན་དུ་གདོང་མཆོང་དང་གཡུལ་ས་ཡག་པོ་སྲུང་སྟེ གོང་འོག་བློ་སེམས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབས་ནས་བདེ་འཇགས་བདེ་བླག་ངང་སྒྲོལ་ཐུབ་པའི་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག་ཞིང་ཆེན་གནམ་གཤིས་ཅུའུ་དང་། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འབྲུབ་འགོག་བྱ་བའི་གནས་ཚུལ་སྙན་སེང་ཞུས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝུའེ་ཏུང་དང་། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁེ·རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥུང་། ལུའི་ཀང་བཅས་ཞིང་ཆེན་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་སམ་ཡང་ན་གྲོང་ཁྱེར(ཁུལ)ཁག་གི་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འདོམས་ཁྲོད་ཞུགས།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།