མཚོ་སྔོན་གྱི་ས་ཆ་མང་ཤོས་ལ་དྲག་ཆར་བབས་ཤིང་། གཞུང་ལམ་དང་ལྕགས་ལམ་སྡེ་ཚན་གྱིས་ལམ་སྐྱོན་མི་བྱུང་བར་ནུས་རྒུས་སྲུང་སྐྱོབ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་ལམ་རང་ཞིང་གི་ས་གནས་མང་ཤོས་སུ་དྲག་ཆར་བབས་ཏེ།  འགྲོ་ལམ་ལ་ཤུགས་རྐྱེན་ངེས་ཅན་ཐེབས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འཕྲལ་སྡོམ་དང་ལེན་བྱས་ཤིང་།  གཞུང་ལམ་དང་ལྕགས་ལམ་སྡེ་ཚན་གྱིས་ལམ་སྐྱོན་མི་འབྱུང་བར་ནུས་རྒུས་སྲུང་སྐྱོབ་བྱས་པ་མ་ཟད། ནུས་ཤུགས་ཡོད་རྒུས་ཞོད་སྐྱོན་སྔོན་འགོག་དང་བདེ་འཇགས་ཆུ་རགས་བརྟན་པོ་བཙུགས།

སྤྱི་བདེ་སྡེ་ཚན་གྱིས་འཕྲལ་བསྟུན་འགན་སྲུང་གི་གདོང་མཆོང་བ་ཞིག་བྱེད་པར་འབད། 

 ཟླ9ཚེས1ཉིན་གྱི་ཆུ་ཚོད19ཡི་སྟེང་། གནམ་གཤིས་སྔོན་བརྡའི་གནས་ཚུལ་གཞིར་བཟུང་།  ཡུལ་ཤུལ་གཞུང་ལམ་སྤྱི་ཁྱབ་ལམ་དུམ་ལས་ཆུ་དམར་ལེབ་རྫོང་ཁོངས་ཀྱི་གཞུང་ལམ་གྱི་གནད་འགག་ལམ་དུམ་ལ་སྐོར་ཞིབ་བྱེད་སྐབས་ཞིང་ལམ་S313གྱིK49+400མཚམས་སུ་དུས་ཐུང་གི་དྲག་ཆར་བབས་ཏེ།  འདམ་རྡོ་ཉིལ་ཡོད་པས།  རླངས་འཁོར་གྱི་འགྲོ་འོང་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།

 ཚུལ་དེར་ཡུལ་ཤུལ་གཞུང་ལམ་སྤྱི་ཁྱབ་ལམ་དུམ་གྱིས་ལམ་སེང་འཕྲལ་སྡོམ་སྔོན་ཇུས་བཟོས་ཏེ།  ཚན་རིག་དང་མཐུན་པོའི་སྒོ་ནས་ཇུས་ཆོད་བཀོད་སྒྲིག་བརྒྱབ་པ་དང་།  ཉེན་སྐྱོབ་པ་དང་འཕྲུལ་འཁོར་ཡུལ་དངོས་སུ་བཀོད་གཏོང་བྱས། ཡུལ་དངོས་སུ་འབྱོར་རྗེས།  ཉེན་སྐྱོབ་པས་འཕྲལ་མར་གནོད་ཐེབས་ཀྱི་གནས་ཚུལ་ལ་རྩད་ཞིབ་བྱས་ནས་ཚན་རིག་དང་མཐུན་པའི་གཞུང་ལམ་ཤར་གཏོང་གི་ཇུས་གཞི་བཟོས།    འཕྲུལ་འཁོར་ཆེ་གྲས་ཀྱིས་ལམ་ངོས་ཀྱི་འདམ་རྡོ་གཙང་སེལ་བྱས་པ་དང་། ཉེན་སྐྱོབ་པས་ལས་ཀ་ཁག་བགོས་ཀྱིས་ལས་ཀ་བསྒྲུབས། ལ་ལས་ལམ་འགྲམ་གྱི་གྲོག་ལུང་དང་ལམ་འོག་གི་ཆུ་ཁུང་འགག་སེལ་བྱས་པ་དང་། ལ་ལས་འགྲིམ་འགྲུལ་བཀོད་འདོམས་ལ་གཞོགས་འདེགས་བྱས་ནས་ཡུལ་དངོས་ཀྱི་ལས་ཀ་གོ་རིམ་མ་འཆོལ་བར་བདེ་བླག་ངང་ནས་འགྲུབ་པར་འགན་ལེན་བྱས། ཆུ་ཚོད1དང་སྐར་མ40ཡི་རིང་ལ་ཆར་ཆུ་འོག་ལས་ཀ་ལྷོད་མེད་བསྒྲུབས་པས། ཉིན་དེའི་ཆུ་ཚོད20དང་སྐར་མ41སྟེང་ལམ་ངོས་གཙང་མར་བཟོས་ཤིང་། ལམ་དུམ་དེའི་རླངས་འཁོར་འགྲོ་འོང་གོ་རིམ་ལྡན་པས་སླར་གསོ་ཐུབ་ཡོད།

 ཟླ9ཚེས1ཉིན་གྱི་ཆུ་ཚོད22ཡས་མས་སུ།  ཚྭ་ཁ་ས་ཁུལ་དུ་དྲག་ཆར་ཆེན་པོ་བབས། ན་གོར་མོ་གཞུང་ལམ་སྤྱི་ཁྱབ་ལམ་དུམ་གྱིས་ལྟ་སྐྱོང་བྱེད་པའི་རིག་སྨོན་ནས་མཚོ་སྔོན་པོ། ཚྭ་ཁའི་བར་གྱི་གཞུང་ལམ་ལས་གསེར་ཆེན་རྫོང་དབུས་ལམ་ཉག་གའི་མཚམས་སུ་འདམ་རུད་བྱུང་བ་དང་། ཚྭ་ཁ་གྲོང་རྡལ་གྱི་ལམ་དུམ་ཞིག་ཏུ་ཆུ་ལོག་བྱུང་ཡོད་པ་རེད།  དེར་ན་གོར་མོ་གཞུང་ལམ་སྤྱི་ཁྱབ་ལམ་དུམ་ལས་ཚྭ་ཁའི་གཞུང་ལམ་ཁོངས་སུ་འཕྲལ་བསྟུན་གཞུང་ལམ་ཤར་གཏོང་དང་ཉེན་སྐྱོབ་སྔོན་ཇུས་བཏོན་ཏེ། ལམ་སེང་ལམ་སྲིད་དང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱི་མི་སྣར་རམ་འདེགས་བྱས་ཏེ། རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་གྱི་གཞུང་ལམ་ལས་དབུས་ལམ་ཉག་གའི་མཚམས་ཀྱི་རླངས་འཁོར་བཀག་སྡོམ་དང་ལམ་གཞན་བསྐོར་བར་ཁྲིད་སྟོན་བྱས་པ་མ་ཟད།  ལས་བཟོ་བ་དང་འཕྲུལ་འཁོར་སྒྲིག་འཛུགས་བྱས་ཏེ་ཡུལ་དངོས་སུ་མངགས་ཏེ།  ལམ་ངོས་ཀྱི་འདམ་ཟེགས་དང་བསགས་ཆུ་གཙང་མར་བཟོས།   ཧ་ལམ་ཆུ་ཚོད4རིང་གི་འབད་འབུངས་བརྒྱུད། འདམ་རུད་ཡོངས་གཙང་སེལ་བྱས་ཚར་ནས་རླངས་འཁོར་འགྲོ་འོང་སླར་གསོ་བྱས།

 ཟླ9ཚེས2ཉིན་གྱི་ཞོགས་པར།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་སྤྲེལ་ནག་གྲོང་རྡལ་དུ་དུས་ཐུང་གི་དྲག་ཆར་བབས་ཏེ།  སྤྲེལ་ནག་གྲོང་རྡལ་གྱི་ཞིང་ལམS208ལས་ཆོས་རྗེ་ནས་རྟ་ནག་མའི་བར་གྱི་གཞུང་ལམK67+930མཚམས་ཀྱི་ཕུག་ཟམ་ཆུས་འཁྱེར།  མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུས་ལྟ་སྐྱོང་འཕྲལ་བསྟུན་འགན་སྲུང་ལྟེ་གནས་ལ་བཀའ་བརྡ་འབྱོར་མ་ཐག  འཕྲལ་བསྟུན་དང་ལེན་བྱས་ཏེ། ཆུ་ཚོད7དང་སྐར་མ23སྟེང་འཕྲལ་སྒྲུབ་པ9མངགས་ཤིང་། འཕྲལ་བསྟུན་རླངས་འཁོར་བཀོད་གཏོང་བྱས་པ་དང་། ཉེན་སྐྱོབ་དངོས་ཟོག་འཁྱེར་ཏེ་ཕུག་ཟམ་ཆུས་འཁྱེར་ཡུལ་དུ་བསྐྱོད་དེ་འཕྲལ་མར་ཐག་གཅོད་བྱས། ཆུ་ཚོད9དང་སྐར་མ20ཡི་སྟེང་། མཚོ་སྔོན་ཞིང་ཆེན་གཞང་ལམ་ཅུས་གཞུང་ལམ་ལྟ་སྲུང་འཕྲལ་བསྟུན་འགན་སྲུང་ལྟེ་གནས་འཕྲལ་བསྟུན་ཡན་ལག་རུ་ཁག་ཡུལ་དངོས་སུ་འབྱོར་ཏེ།  ཡུལ་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་བཀོད་འདོམས་བྱས།  འཕྲལ་བསྟུན་ཡན་ལག་རུ་ཁག་གིས་སྟོང་སྐོར་གཞུང་ལམ་སྤྱི་ཁྱབ་ལམ་དུམ་ལ་རམ་འདེགས་བྱས་ཏེ།  ལམ་ངོས་དང་ཆུ་ལམ་གྱི་འདམ་རུད་གཙང་བཟོ་བྱས་པ་དང་། མཚན་བརྒྱབ་ཏེ་ཕུག་ཟམ་ཆུས་འཁྱེར་སར་ཆུ་སྦུག་བཙུགས་ཤིང་ལམ་ངོས་སྙོམས། ཆུ་ཚོད7ལྷག་རིང་གི་འབད་འཐབ་ལྷོད་མེད་བརྒྱུད་ཟླ9ཚེས3ཉིན་གྱི་ཆུ་ཚོད4སྐར་མ24ཡི་སྟེང་ལམ་ངོས་སླར་གསོ་བྱུང་།

 མྱུར་བགྲོད་གཞུང་ལམ་གྱི་འདམ་རུད་བྱུང་སའི་ཉེན་ཁ་སེལ་ཏེ་ལམ་གྱི་རླངས་འཁོར་འགྲོ་འོང་སླར་གསོ་ལ་ནུས་རྒུས་འགན་སྲུང་བྱས། 

 དྲག་ཆར་གྱི་ཤུགས་རྐྱེན་འོག་ཟླ9ཚེས2ཉིན་གྱི་ཆུ་ཚོད16སྐར་མ30ཡས་མས་སུ།  ཞིང་ལམS22ད་རྒྱལ་རི་ནས་ཡ་རྫི་མཚམས་ཀྱིK25+300མཚམས་སུ།  ཟེགས་རྡོ་དང་འདམ་ཉིལ་འདྲེས་མ་ལམ་ངོས་བསྣུབས་ཏེ།  རྒྱུན་ལྡན་གྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས།

 མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་ལྟ་སྲུང་ཞབས་ཞུ་ཚད་ཡོད་ཀུང་སིས་ལམ་སེང་མྱུར་བགྲོད་གཞུང་ལམ་ཞོད་ཐན་འཕྲལ་བསྟུན་སྔོན་ཇུས་བཏོན་ཏེ།   གོ་རིམ་དང་ལྡན་པའི་སྒོ་ནས་འགྲོ་འོང་གི་རླངས་འཁོར་ལམ་གཞན་བསྐོར་ནས་འགྲོ་བར་ཁྲིད་སྟོན་ཡག་པོ་བྱས། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་འདམ་རྡོ་ཉིལ་སའི་ལམ་དུམ་དུ་བསྐྱོད་དེ་ཉེན་སེལ་ལམ་སྐྱོང་གི་ལས་ཀ་བསྒྲུབས་ཤིང་། ལྟ་སྐུལ་བཀོད་འདོམས་བྱས།  མྱུར་བགྲོད་གཞུང་ལམ་ལྟ་སྲུང་ཀུང་སིའི་ལས་བཟོ་བ་ཡོངས་ཡུལ་དངོས་སུ་བཅར་ནས་ཉེན་སེལ་ལས་ཀར་ཞུགས་པ་དང་།  ལམ་ངོས་ཀྱི་འདམ་ཟེགས་གཙང་བཟོ་བྱས།

 ཟླ9ཚེས3ཉིན་གྱི་ཆུ་ཚོད19ཡི་སྟེང་། ད་རྒྱལ་རིའི་ཕྱོགས་ཀྱི་ལམ་ངོས་ཕལ་ཆེར་གཙང་བཟོ་བྱས་ཚར།  ཟི་ལིང་ཕྱོགས་ཀྱི་ལམ་ངོས་ད་དུང་གཙང་བཟོ་བྱེད་སྒང་ན་ཡོད།  གཙང་མ་བྱས་རྗེས་བདེ་འཇགས་ཀྱི་ཉེན་ཁ་ཆེར་མེད་ན་ད་གཟོད་རླངས་འཁོར་གཏང་ཆོག་པ་ཡིན་པས། དུས་ག་ཚོད་གཏང་བ་ད་དུང་ཐག་བཅད་མེད།

 ཟླ9ཚེས3ཉིན།  མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཤོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་ར་ཝང་ཀང་གིས་རུ་སྣ་ཁྲིད་དེ་ཞིང་ལམS104ལས་ཧུང་ཀྲོང་ནས་ཁྲི་ཀའི་བར་གྱི་གཞུང་ལམ་རིམ་པ་དང་པོའིK66+800མཚམས་ཀྱི་ཆུས་གནོད་པ་ཐེབས་ས་དང་། རྒྱལ་ལམG0611ལས་འབྲོང་ཡུལ་ནས་ཝན་ཁྲུན་བར་གྱི་མྱུར་བགྲོད་གཞུང་ལམ་གྱིK441+600མཚམས་ཀྱི་ཆུས་གནོད་པ་ཐེབས་ས།   གཅན་ཚ་ནས་གསེར་ཆེན་བར་གྱི་གཞུང་ལམ་གྱི་ཚད་གཞི3པའི་ལས་གཞིའི་ཞོད་འགོག་ལས་ཀ་ལག་བསྟར་བྱས་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ཐན་ཞོད་སྐབས་ཀྱི་བདེ་འཇགས་འགོག་སྲུང་བརྟན་པོར་བཟོ་བའི་ལས་ཀ་ཏན་ཏིག་བསྒྲུབས།  ལྕགས་ལམ་སྡེ་ཚན་གྱིས་ཉེན་སེལ་ལས་ཀར་འབད་འཐབ་བྱས་ཏེ་ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱས། 

 ཟླ8ཚེས31ཉིན་གྱི་ཆུ་ཚོད4ཡས་མས་སུ་གློ་བུར་ཆར་ཞོད་ཆེན་པོ་བབས་ཏེ། མཚོ་བོད་ལྕགས་ལམ་ལས་སྟོང་སྐོར་མཚམས་ཀྱི་ཆར་བ་འབབ་ཚད་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཆར་བབས་ཚད་སྐོར་ཞིབ་ཉེན་ཟོན་གྱི་ཚད་ལ་བསླེབས་ཤིང་། ཆུ་ཚོད་རེར་ཆར་བ་ཧའོ་སྨི11.4བབས། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སི་ཟི་ལིང་ལས་སྒྲུབ་ལམ་དུམ་གྱི་ལས་བྱེད་ལས་བཟོ་པ་ལམ་སེང་ཡུལ་དངོས་སུ་བསྐྱོད་དེ་སྐོར་ཞིབ་བྱས་ཤིང་། ལྕགས་ལམ་ལས་རེས་པ་ཕུད་པའི་ལས་བཟོ་གཞན་དག་ཞིབ་བཤེར་ཁྲོད་ཞུགས་ནས་གནད་སར་དམིགས་འཛིན་ཐོག   ནང་ཁུལ་གྱི་སྒྲིག་ཆས“སྨི་གཅིག་ནང་ཆུ་འཛར་མི་ཐུབ”ཞིག་ཡོང་ཆེད་ཆ་ཚང་ལ་ཞིབ་བཤེར་བྱས། 

 ཉིན་དེའི་ཆུ་ཚོད6དང་སྐར་མ50ཡས་མས་སུ།  ཟི་ལིང་གི་ལས་གཉེར་ལམ་དུམ་གྱི་སྟོང་སྐོར་ཟམ་ཕུག་འཁོར་ཁང་གི་ལས་བཟོ་བས་ལམ་ལ་སྐོར་ཞིབ་བྱེད་སྐབས།  དུས་ཐུང་གི་དྲག་ཆར་གྱིས་སྟོང་སྐོར་གྱི་ལམK38+900མཚམས་ཀྱི་ལམ་གཡས་ལོགས་ཞང་ཚའོ་ཝན་དུ་འདམ་རྡོ་ཉིལ་བཞིན་ཡོད་པ་མ་ཟད། འདམ་རུད་དེ་རྒྱལ་ལམ109སྟེང་ནས་ལྕགས་ལམ་ཧྲོང་ཧུང་ལམ་གྱིK38+600ནསK39+300བར་དུ་ཆུ་ཡིས་གཏོར་ཞིང་བསྣུབས་ཡོད་པ་དང་། དེ་ལས་ལམ་དུམ་ཁ་ཤས་ཀྱི་ལྕགས་ལམ་གྱི་མཐིལ་ཆུས་འཁྱེར་ནས་སྟོང་བར་ལུས་ཡོད་པ་སོགས་ལམ་བརླག་ཚད་ཚབས་ཆེན་ཡིན་པ་དང་། ཧྲོང་ཧུང་ལམ་ལས་ཧྲི་ཡ་སྡེ་བ་ནས་སྟོང་སྐོར་བྱང་བར་གྱི་ལམ་ཆད་ཡོད་པ་སོགས་མཐོང་།    ལམ་དུམ་དེས་ལམ་སང་གོང་རིམ་ལ་གནས་ཚུལ་ཞུས་མ་ཐག  ཏང་ཡོན་དང་གུང་གཞོན་ཚོགས་མིའི་འཕྲལ་རྒོལ་རུ་ཁག་བཙུགས་ཤིང་། མི120ལྷག་དང་ས་རྐོ་འཕྲུལ་འཁོར10།  ལྡུག་འཁོར།  ས་སྙིགས་འཕྲུལའཁོར་སོགས་འཕྲུལ་འཁོར་ཆེ་ཤོས་གནོད་སར་བསྐྱོད་དེ་ཉེན་སེལ་ལས་ཀ་བསྒྲུབས། ཆུ་ཚོད14རིང་གི་འབད་འབུངས་བརྒྱུད།  ཧྲོང་ཧུང་ལམ་གྱི་འདམ་རུད་ཡོངས་གཙང་མར་བཟོས་པ་དང་། རླངས་འཁོར་འགྲོ་འོང་སླར་གསོ་བྱས།

 ཟླ8ཚེས31ཉིན་གྱི་ཆུ་ཚོད10དང་སྐར་མ30ཡི་སྟེང་དུ། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སིའི་ན་གོར་མོའི་ཁང་སྐྲུན་འཚོ་བ་མཚམས་ཏེ།  མང་ངེ་ཁང་སྐྲུན་ཞིག་གསོ་ཕྱོགས་བསྡུས་འཁོར་ཁང་དུ་བཀོད་འདོམས་ལྟེ་གནས་ཀྱི་ཁ་པར་འབྱོར་ནས་འདི་སྐད།  ཉེ་ལམ་མང་ངེས་མཚོ་ས་ཁུལ་དུ་གློ་བུར་ཆར་ཞོད་བྱུང་ནས་རིང་ཚད་སྨི660དང་གཏིང་ཚད་ལི་སྨི20བར་ལ་ཆུ་ལོག་རྒྱུག་པ་མ་ཟད། ས་ཚིགས་ལ་ཆུ་ལོག་བྱུང་ནས་རླངས་འཁོར་འགྲོ་འོང་ལ་ཤུགས་རྐྱེན་ཐེབས་ཡོད་ཟེར།

 ཁ་པར་འབྱོར་མ་ཐག   འཁོར་ཁང་གི་ཀྲུའུ་རེན་ཝང་ཁྲེང་པའོ་ཡིས་ལམ་སེང་ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ།   ཐག་གཅོད་འཕྲུལ་ཆས་དང་། ཡོ་བྱད་གྲ་སྒྲིག་བྱས་ནས་མང་ངེ་མཚོ་ས་ཚིགས་སུ་ཉེན་སེལ་དུ་བསྐྱོད།  ཆུ་ཚོད4རིང་གི་ཉེན་སེལ་བརྒྱུད།  ཆུ་ལོག་གང་སར་འཕྱོ་བར་བཀག་འགོག་ནུས་ལྡན་བྱས་པ་དང་།  དྲོད་འདོན་དང་རླུང་རྒྱུག་ལ་སོགས་སྦུ་གུ་དང་དུང་ཆུར་བསགས་པའི་ཆུ་རྣམས་གཙང་འབུད།   འདམ་ཟེགས་གཙང་སེལ་བཅས་བྱས། ལམ་རྒྱུད་ཀྱི་སྒྲིག་ཆས་བདེ་བླག་ངང་འཁོར་སྐྱོད་བྱེད་དུ་བཅུག   ཁོ་ཚོས་མུ་མཐུད་དུ་ལམ་རྒྱུད་ཀྱི་ཁང་པའི་སྒྲིག་ཆས་ལ་ཆུ་ཚོད24རིང་ལ་སྐོར་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།