ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་གཏན་ནས་དམ་འཛིན་དང་རྟག་ཏུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཟམ་མི་ཆད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས། མགོ་ནས་མཇུག་བར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་མཇུག་བསྡུའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། རྒྱུན་རྣམ་ཅན་དུ་འགྱུར་བའི་སྒོ་ནས་སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་བ། སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་གཏན་རང་བཞིན་དང་གཅིག་སྡུད་རང་བཞིན་ཕན་ཚུན་ཟུང་འབྲེལ་གྱི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཛུགས་པ། ཏང་གི་སྒྲིག་ཁྲིམས་སློབ་གསོའི་ཚོད་འཛིན་དང་འགན་སྲུང་སྐུལ་ལྕག་གི་ནུས་པ་ཕྱོགས་བསྡུས་ངང་འདོན་སྤེལ་བྱེད་དགོས། རུལ་སུངས་ཐོན་པའི་ས་རྒྱུ་དང་ཆ་རྐྱེན་གཙང་སེལ་ཤུགས་ཆེན་བྱས་ཏེ། དེ་བས་ནུས་ལྡན་ངང་འཕར་ཚད་བཀག་འགོག་དང་གསོག་ཚད་གཙང་སེལ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་དོན་ཧུར་ཐག་སྒྲུབ་པ་དང་། བློ་ཁོག་ཆེན་པོས་ལས་དོན་སྒྲུབ་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། བྱས་རྗེས་ཧུར་ཐག་འཇོག་པ་བཅས་ལ་ཁྲིད་སྟོན་བྱེད་པ་དང་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚེས་30ཉིན་ཚོགས་འདུ་འཚོགས་ནས། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ནས།《ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་གནང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕྱོགས་སྡོམ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཚའེ་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ལི་ཞི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད་ཅིང་། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། དམིགས་འཛུགས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས། སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཚོགས་འདུའི་ཐོག ད་ཐེངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་མིག་སྔར་གཞི་རྩའི་ཆ་ནས་མཇུག་འགྲིལ་ཡོད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ཏེ། སྒྲིག་ཁྲིམས་འཛུགས་སྐྱོང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཐོན་པའི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། “འགོ་གཙོ་དང་པོ”དང་། ལས་བྱེད་པ་གཞོན་གྲས། གསར་དུ་གོ་གནས་སྤར་བའི་ལས་བྱེད་པ་བཅས་ལ་སྒྲིག་ཁྲིམས་སྦྱོར་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་སློབ་གསོ་དེ་ཏང་ཡོན་དང་ལས་བྱེད་པའི་རྒྱུན་གཏན་གྱི་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་ཀྱི་ནང་མཉམ་འདྲེས་བྱ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཉམས་མྱོང་བཟང་པོ་བེད་སྤྱོད་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཏང་ཡོངས་ཀྱིས་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཤུགས་ཆེར་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་སྐུལ་འདེད་གཏོང་དགོས། “རྣམ་པ་རིགས་བཞི”ཞེས་པ་བེད་སྤྱོད་ཡང་དག་བྱེད་པ་དང་། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་བྱས་ཏེ། གནད་ལ་འཁེལ་བ་དང་ཚད་ལྡན་ངང་སྒྲིག་ཁྲིམས་ལག་བསྟར་བྱས་ནས་ལས་བྱེད་པས་ལས་སྒྲུབ་ལས་གཏོད་དང་འགན་འཁྲི་སྔར་ལས་ལེགས་པ་འཁུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ལི་ཀན་ཅེ་དང་ལི་ཧྲུའུ་ལེ། མུའུ་ཧུང་། ཅང་ཤིན་ཀྲི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་སོགས་ཚོགས་འདུར་ཞུགས་ཡོད།
རྩོམ་སྒྲིག་པ། ཁོན་ཐར་འཚོ།